ཟླ་བརྒྱད་པའི་ཚེས་གསུམ་ཉིན། ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་གོ་བོད་ཀྱི་ཟློས་གར་སྒྱུ་རྩལ་འཁྲབ་སྟོན་གཟའ་འཁོར་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་རེབ་གོང་ཐང་ཆེན་དུ་མགོ་བརྩམས། ཟི་ལིང་དང་ལྷ་ས། རྨ་ལྷོ། མཚོ་བྱང་། སི་ཁྲོན་སོགས་འཁྲབ་སྟོན་ཚོགས་པ་ལྔ་ནས་ཡོང་བའི་འཁྲབ་སྟོན་པ་སུམ་བརྒྱ་དང་གཉིས་ཡོད་ལ། ཟླ་བརྒྱད་པའི་ཚེས་གསུམ་ནས་ཚེས་དགུ་ཉིན་བར་གྱིམ་ཤིང་ཀོང་ཇོ་དང་ཡིད་འཕྲོག་ལྷ་མོ་སོགས་ཡིད་དབང་འཕྲོག་པའི་བོད་ཀྱི་ཟློས་གར་སྣ་བདུན་འཁྲབ་སྟོན་བྱེད་རྒྱུ་རེད།
རྨ་ལྷོའི་བོད་ཀྱི་ཟློས་གར་གྱིས་ལོ་ངོ་ཉིས་བརྒྱ་ལྷག་གི་འཕེལ་རིམ་ཁྲོད་ཁྱད་ཆོས་འཛོམས་པའི་རིག་གནས་ཀྱི་མ་ལག་ཅིག་གྲུབ་པ་དང་ཉིས་སྟོང་དྲུག་ལོར་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོའི་ཁྲོད་ཚུད་པ་དང་། ཉིས་སྟོང་དགུ་ལོར་མཉམ་འབྲེལ་རྒྱལ་ཚོགས་བསླབ་གཞི་རྩ་འཛུགས་ཀྱིས་མིའི་རིགས་ཀྱི་ངག་རིགས་དང་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་མིང་ཐོའི་ཁྲོད་ཚུད།
རྒྱུས་ལོན་བྱུང་བ་ལྟར་ན། རྨ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པ་མཚོ་སྔོན་གྱི་བོད་ཀྱི་ཟློས་གར་ཚོགས་པ་གཅིག་པུ་ཡིན་པའི་ཆ་ནས་ཉིས་སྟོང་བརྒྱད་ལོར་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོ་རྨ་ལྷོ་བོད་ཀྱི་ཟློས་གར་ལས་གཞིའི་སྲུང་སྐྱོབ་དང་ལག་བསྟར་ལས་ཁུངས་སུ་གཏན་ཁེལ་བྱས་པ་དང་། རྨ་ལྷོ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་རྒྱབ་སྐྱོར་འོག རྨ་ལྷ་ཁུལ་རིག་གནས་ཡུལ་སྐོར་སྡེ་ཁག་གིས་རྨ་ལྷོའི་དམངས་ཁྲོད་ཀྱི་བོད་ཀྱི་ཟློས་གར་སླར་གསོ་དང་རྒྱུན་འཛིན། དར་སྤེལ་ཐད་ཤུགས་རྒྱབ། ཉིས་སྟོང་བཅུ་གསུམ་ལོ་ནས་བཟུང་། ས་གནས་དེས་ལོ་རེའི་དབྱར་ཁར་རྨ་ལྷོའི་བོད་ཀྱི་ཟློས་གར་འཁྲབ་སྟོན་དང་འགྲེམ་སྟོན། ཞིབ་འཇུག་གྲོས་ཚོགས་བསྡུ་བ་སོགས་ཀྱི་བྱ་འགུལ་སྤེལ་ནས་ཉིས་སྟོང་བཅོ་བརྒྱད་ལོར་ཀྲུང་གོ་བོད་ཀྱི་ཟློས་གར་འཁྲབ་སྟོན་གཟའ་འཁོར་གྱི་བྱེད་སྒོར་རིམ་འཕར་བྱས་པ་རེད།
ལོ་མང་པོའི་རིང་གི་འབད་འབུངས་དང་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོ་བོད་ཀྱི་ཟློས་གར་སྒྱུ་རྩལ་འཁྲབ་སྟོན་གཟའ་འཁོར་གྱིས་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ། འཕེལ་རྒྱས་དང་ས་གནས་སོ་སོའི་རིག་གནས་བརྗེས་རེས་དང་འབྲེལ་འདྲིས་ཐད་ཞབས་འདེགས་ཞུས་པར་མ་ཟད། མང་ཚོགས་ཀྱི་ཉིན་བཞིན་ཆེས་ཆེར་འཕེལ་བའི་བསམ་པའི་དགོས་མཁོ་བསྐངས།
མི་ཕམ་མགོན་པོས་བསྒྱུར།