ཟླ་བརྒྱད་པའི་ཚེས་བཞི་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་རྩ་འཛུགས་བྱས་ནས་དབྱར་དུས་ཀྱི་བདེ་འཇགས་ཕྱོགས་ཀྱི་ཆམ་ཕབ་བཅོས་སྐྱོང་དང་འགལ་རྩོད་གཅིག་བསྡུས་མཁྲེགས་གཏོར་གཅིག་གྱུར་འགུལ་སྐྱོད་སྤེལ། བསྡོམས་པས་རིགས་མི་འདྲ་བའི་འགལ་རྩོད་དྲུག་བརྒྱ་དང་གོ་དྲུག་གྲལ་བཤེར་བྱས་པ་དང་། འགལ་རྩོད་ཞེ་གཉིས་ཏང་ཨུ་དང་སྲིད་གཞུང་ལ་ཡར་ཞུ་བྱས་ལ། འགལ་རྩོད་ཉི་ཤུ་འབྲེལ་ཡོད་སྡེ་ཁག་ལ་བརྒྱུད་སྤྲོད་བྱས་ཤིང་། འགལ་རྩོད་ལྔ་བརྒྱ་དང་གོ་དགུ་ཐག་བཅད་པ་དང་། ཐག་གཅོད་བྱེད་ཚད་བརྒྱ་ཆའི་གྱ་དྲུག་དང་གྲངས་ཆུང་གཅིག་ལ་སླེབས།
འགུལ་སྐྱོད་ཁྲོད། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་བརྒྱ་ཆའི་སུམ་ཅུའི་ཡན་གྱི་ཉེན་རྟོག་པ་སྐོང་འཐེན་བྱས་ནས། གཞི་རིམ་དུ་མངག་སྟེ་འགལ་རྩོད་ཐད་ཀྱི་ཞིབ་འདྲི་དང་གྲལ་བཤེར། ཐག་གཅོད་ཀྱི་བྱ་བ་སྤེལ། དེ་དང་མཉམ་དུ། དྲ་མིག་ཅན་གྱི་དོ་དམ་ལྟར། གཞི་རིམ་མང་ཚོགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་གཅིག་གྱུར་འགུལ་སྐྱོད་ཁྲོད་ཞུགས་པར་སྐུལ་སློང་བྱས་པ་དང་། གྲལ་བཤེར་ཐག་གཅོད་ཀྱི་སྟོབས་ཤུགས་ཆེར་བསྐྱེད་དེ། འགལ་རྩོད་གྲལ་བཤེར་ཡོངས་སུ་ཁེབས་པར་བྱས། འགུལ་སྐྱོད་སྐབས་སུ། ཞིང་ཆེན་ཡོངས་ཀྱིས་བསྡོམས་པས་ཉེན་རྟོག་པ་མི་ཐེངས་སྟོང་དྲུག་དང་དྲུག་བརྒྱ་ལྷག་བཀོད་སྒྲིག་བྱས་པ་དང་། མང་ཚོགས་མི་ཐེངས་སྟོང་ལྔ་དང་ལྔ་བརྒྱ་ལྷག་བཀོད་སྒྲིག་བྱས།
མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་རིགས་མི་འདྲ་བའི་འགལ་རྩོད་འཚོལ་ཞིབ་ཞིབ་གཅོད་དང་ཉེན་ཁའི་སྔོན་དཔག་སྔོན་བརྡ་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་པ་དང་། གཅིག་ཀྱང་མི་ཤོར་བ་དང་འགོར་འགྱངས་ཅུང་ཙམ་ཡང་མི་བྱེད་པ། མཐའ་གཅིག་ཏུ་ཞིབ་བཤེར་བྱེད་པའི་བྱ་བའི་རེ་བ་ལྟར། དུས་ཐོག་ཏུ་ཐག་གཅོད་བྱེད་ཐབས་ལག་བསྟར་བྱས་ནས། གདུབ་ཟུམ་དོ་དམ་རྐྱེན་སྲོལ་གྲུབ་པར་བྱས། དེ་དང་མཉམ་དུ། འགལ་རྩོད་ཐད་ཀྱི་ཞིབ་འདྲི་གྲལ་བཤེར་དང་ཁྲིམས་སྐྱོང་དྲིལ་སྒྲོག་མཉམ་དུ་སྤེལ་བ་དང་། ཁྲིམས་སྐྱོང་དང་ཀུན་སྤྱོད། བདེ་འཇགས་སློབ་གསོ་ཞང་གྲོང་དང་སྡེ་ཁག སློབ་གྲྭ། སློབ་ཁྲིད། ཁེ་ལས། གཞིས་ཁུལ། ཁྱིམ་ཚང་དུ་སྐྱེལ་བའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ནས། མང་ཚོགས་ཀྱིས་ལུགས་མཐུན་ཁྲིམས་མཐུན་གྱི་རྣམ་པ་སྤྱད་དེ་ཁེ་ཕན་ཐད་ཀྱི་ཞུ་གཏུག་བྱེད་པ་དང་ཁེ་ཕན་ཐད་ཀྱི་འགལ་རྩོད་ཐག་གཅོད་པ། ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པར་སྣེ་ཁྲིད་བྱས། མིག་སྔའི་བར་དུ། བསྡོམས་པས་སྡེ་བ་དང་ཁྱིམ་ཚང་དུ་སོང་ནས་ཁྲིམས་སྐྱོང་དྲིལ་སྒྲོག་ཐེངས་ཁྲི་བཞི་དང་སྟོང་གསུམ་དྲུག་བརྒྱ་དང་གྱ་བཞི་སྤེལ་བ་དང་། རིགས་མི་འདྲ་བའི་དྲིལ་སྒྲོག་ཡིག་ཆ་ཁྲི་བརྒྱད་དང་སྟོང་དྲུག་དྲུག་བརྒྱ་དང་དྲུག་དང་། དྲིལ་སྒྲོག་དངོས་རྫས་ཁྲི་གཉིས་དང་སྟོང་དྲུག་བཞི་བརྒྱ་གོ་བརྒྱད་བཀྲམས།
རིན་ཆེན་མཚོས་བསྒྱུར།