ཟླ་བརྒྱད་པའི་ཚེས་གཅིག་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཐོ་རིམ་སློབ་གླིང་གི་མཐར་ཕྱིན་སློབ་མ་སོགས་ན་གཞོན་གྱི་ལས་ཞུགས་བྱ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པ་དང་། ལས་ཤོར་ཉེན་སྲུང་གིས་ཁེ་ལས་ལ་རོགས་བྱས་ནས་ལས་རྐང་རྒྱ་སྐྱེད་པའི་ནུས་པ་འདོན་སྤེལ་བྱེད་ཆེད། ཉེ་ལམ། ཞིང་ཆེན་སྲིད་གཞུང་འཐད་པ་བྱུང་བ་བརྒྱུད་དེ། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་ནོར་སྲིད་ཐིན་བཅས་སྡེ་ཁག་གསུམ་གྱིས་ཐེངས་གཅིག་རང་བཞིན་གྱི་ལས་རྐང་རྒྱ་སྐྱེད་པའི་སྲིད་ཇུས་རྒྱུན་མཐུད་ངང་ལག་བསྟར་བྱེད་པའི་འབྲེལ་ཡོད་བྱ་བའི་སྐོར་གྱི་བརྡ་སྦྱོར་འགྲེམ་སྤེལ་བྱས་ནས། ཁེ་ལས་ཀྱིས་སློབ་གྲྭ་ཆེན་མོ་བ་སོགས་ན་གཞོན་སྡུད་ལེན་བྱེད་པར་སྐུལ་སློང་བཏང་།
བརྡ་སྦྱོར་གྱི་རེ་བ་ལྟར་ན། ཁེ་ལས་ཀྱིས2023ལོ་དང་སློབ་མཐར་ཕྱིན་ནས་ལོ་གཉིས་ཀྱི་ནང་ལས་ཞུགས་མ་བྱས་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་ལས་ཤོར་ཐོ་འགོད་བྱས་པའི་ལོ་བཅུ་དྲུག་ནས་ཉེར་བཞི་བར་གྱི་ན་གཞོན་བསྡུ་ལེན་བྱས་ནས་ངལ་རྩོལ་གན་རྒྱ་འཇོག་པ་མ་ཟད། ཁོ་ཚོའི་ཟླ་གཅིག་ཡན་གྱི་ལས་ཤོར་དང་བཟོ་རྨས། ལས་བཟོ་བའི་རྒན་གསོ་ཉེན་སྲུང་དངུལ་སྤྲོད་པ་དང་། བསྡུ་ལེན་བྱས་པའི་མི་རེར་ཐེངས་གཅིག་རང་བཞིན་གྱི་ལས་རྐང་རྒྱ་སྐྱེད་ཁ་གསབ་སྒོར་སྟོང་གཅིག་དང་ལྔ་བརྒྱ་སྟེར་དགོས། སྲིད་ཇུས་དེ2023ལོའི་ཟླ་བཅུ་གཉིས་པའི་ཟླ་མཇུག་བར་དུ་ལག་བསྟར་བྱེད་རྒྱུ་རེད།
ཐེངས་གཅིག་རང་བཞིན་གྱི་ལས་རྐང་རྒྱ་སྐྱེད་ཁ་གསབ་སྲིད་ཇུས་ནི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་ན་གཞོན་མི་ཚོགས་ཀྱི་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་ལས་ཞུགས་གནས་ཚུལ་ཀྱི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་པ་དང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་སོགས་སྡེ་ཁག་གསུམ་གྱིས་རྩ་འཛུགས་ཀྱི་འགན་སྲུང་ལ་ཤུགས་སྣོན་པ་དང་དྲིལ་སྒྲོག་བྱེད་ཤུགས་ཆེར་གཏོང་བ། བྱ་བའི་མཉམ་ཤུགས་གྲུབ་པར་བྱེད་པ། དུས་ཐོག་ཏུ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་སློབ་གསོ་པུའུ་ཡི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་གཞི་གྲངས་ལ་སྦྲེལ་མཐུད་བྱེད་པ། མི་སྣའི་ཆ་འཕྲིན་ཞིབ་བསྡུར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། ཆ་རྐྱེན་དང་མཐུན་པའི་ཁེ་ལས་ལ་འབྲེལ་ཡོད་གཞི་གྲངས་བརྒྱུད་སྐྱེལ་བྱེད་པ། སྲིད་ཇུས་མྱུར་དུ་ལག་བསྟར་བྱས་ནས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་ན་གཞོན་གྱི་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་རེད།