ཟླ་བརྒྱད་པའི་ཚེས་དགུ་ཉིན། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་སྤེལ་བའི་ཆ་འཕྲིན་ལྟར་ན། ཟླ་དང་པོ་ནས་ཟླ་དྲུག་པའི་ནང་བར། ཞིང་ཆེན་ཡོངས་ཀྱི་ལས་གཞི་གཙོ་བོ་ཉིས་བརྒྱ་ལས་བརྒྱ་དང་རེ་གཅིག་འཛུགས་སྐྲུན་བྱས་པ་དང་། འཛུགས་སྐྲུན་བྱེད་ཚད་གྱ་གཅིག་ཏུ་སླེབས་ལ། ལོ་སྟོད་དུ་མ་དངུལ་སྒོར་ཐེར་ཆེན་ལྔ་དང་ཐེར་འབུམ་ལྔ་དུང་ཕྱུར་གཉིས་བཏང་བ་དང་། དེའི་ཞིང་ཆེན་ཡོངས་ཀྱི་དངུལ་གཏོང་བསྡུར་ཚད་ཀྱི་བརྒྱ་ཆའི་རེ་བདུན་ལྷག་ཟིན་ལ། འཛུགས་སྐྲུན་བྱེད་ཚད་དང་དངུལ་གཏོང་ཚད་གཉིས་ཐད་ནས་ཕྱེད་ཀའི་ཡན་ལེགས་འགྲུབ་བྱས།
ད་ལོར། ལས་འགན་ལས་གཞི་ཅན་དང་ལས་གཞི་འགན་འཁྲི་ཅན། འགན་འཁྲི་གསལ་ཁྲ་ཅན་དུ་བསྒྱུར་བའི་བྱ་བའི་རེ་བ་ལྟར། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ལས་གཞིའི་གསལ་ཁྲ་ཐད་ནས་ལས་འགན་ཁ་གསལ་བ་དང་གནད་དོན་གྱི་གསལ་ཁྲ་ཐད་ནས་དག་ཐེར་ལེགས་བཅོས་དམ་འཛིན་བྱེད་པ། འགན་འཁྲི་གསལ་ཁྲ་ཐད་ནས་ལག་བསྟར་ལ་ལྟ་སྐུལ་བྱེད་པ། འཕེལ་རིམ་གསལ་ཁྲ་ཐད་ནས་མཇུག་འབྲས་ལ་བལྟ་བའི་གསལ་ཁྲའི་དོ་དམ་མ་ལག་བཙུགས་པ་དང་། སྒོར་དུང་ཕྱུར་ཡན་གྱི་ལས་གཞི་ཚགས་འདེམས་བྱས་ནས། དུས་ཚོད་དང་འཕེལ་རིམ། གཙོ་གཞི་གཏན་ཁེལ་གསལ་བོ་བྱས་ཏེ། ལས་གཞི་ཉིས་བརྒྱའི་གསལ་ཁྲ་གྲུབ་པར་བྱས།
རྒྱལ་ཁབ་སྲིད་ཇུས་ཀྱིས་ཆོག་མཆན་ཐོབ་པ་དང་མཚོ་སྔོན་འཕེལ་རྒྱས་ཀྱི་དགོས་མཁོ། མི་དམངས་མང་ཚོགས་ཀྱི་རེ་སྒུག ཚོང་གཉེར་གཙོ་གཞིའི་ནུས་ཚོད་དེ་ལས་གཞི་ལག་བསྟར་བྱེད་པའི་ཤུགས་འདོན་ས་དང་རྐང་འཛགས་ས་རུ་བྱས་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པར་དམིགས་ནས། གཙོ་བོར་ཨ་མྱེས་རྨ་ཆེན་རི་རྒྱུད་ཀྱི་ཆུ་ཁུངས་བསྐྱིལ་གསོག་དང་རྩྭ་ཐང་གི་སྐྱེ་ཁམས་སླར་གསོ། གུང་ཧོ་གཞོང་སའི་བྱེ་འགྱུར་ཅན་འགོག་བཅོས་དང་རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་། ཞིང་ཆེན་ཡོངས་ཀྱི་གཙོ་གནད་ཁུལ་ཁོངས་ཀྱི་མཁའ་དབུགས་བཙོག་བཟོ་འགོག་བཅོས་སོགས་ལས་གཞི་ལག་བསྟར་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་མཐོ་སའི་རྨང་གཞི་རྒྱུན་མ་ཆད་པར་ཇེ་བརྟན་དུ་བཏང་། ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པར་དམིགས་ནས། གཙོ་བོར་ཅཱ་ལུད་ཐོན་འཕར་ནུས་སྐྱེད་དང་ཉི་འོད་ནུས་པ་དང་རླུང་གློག་རྟེན་གཞི་ཆེན་པོ། རིག་གནས་སྲུང་སྐྱོབ་རྒྱུན་འཛིན་བེད་སྤྱོད་སོགས་མཚོན་བྱེད་རང་བཞིན་ལྡན་པའི་ལས་གཞི་ལག་བསྟར་བྱས་ཏེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཐོན་ལས་མ་ལག་མྱུར་དུ་འཛུགས་སྐྲུན་བྱས། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་དམིགས་ནས། གཙོ་བོར་ཟི་ལིང་དང་ཁྲིན་ཏུའུ་བར་གྱི་ལྕགས་ལམ་དང་ཟི་ལིང་གནམ་གྲུ་ཐང་གི་བཟོ་སྐྲུན་སྐབས་གསུམ་པ། འཕྲིན་གཏོང་རྨང་གཞི་སྒྲིག་ཆས་སོགས་ལས་གཞི་ལག་བསྟར་བྱས་པ་དང་། ཡུས་ཧྲུའུ་གནམ་གྲུ་ཐང་གི་བསྒྱུར་བཀོད་སྐྱེད་འཛུགས་སོགས་ལས་གཞི་ཡོངས་འགྲུབ་བྱས་ནས་བཀོལ་སྤྱོད་བྱས་ཏེ། ཕན་ནུས་ནུས་པ་དངོས་སུ་འདོན་བཞིན་པའི་སྒང་རེད། དམངས་ཚིས་འགན་སྲུང་དང་ལེགས་བསྒྱུར་བྱེད་པར་དམིགས་ནས། གཙོ་བོར་ཟི་ལིང་སློབ་ཆེན་སློབ་ཁུལ་གསར་བ་དང་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་སྐྲུན། སློབ་གསོ་ར་བའི་ཁུལ་གྱི་ཤེས་ལྡན་མི་སྣའི་ཞབས་ཞུ་རྟེན་གཞི་སོགས་ལས་གཞི་ལག་བསྟར་བྱས་པ་དང་། རིམ་པ་མང་པའི་སྤྱི་ཚོགས་འགན་སྲུང་མ་ལག་སྔར་ལས་འཐུས་ཚང་ཡིན་ལ། གཞི་རྩའི་སྤྱི་ཐུན་ཞབས་ཞུ་ཆ་སྙོམས་ཅན་གྱི་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་བཏང་།
རིན་ཆེན་མཚོས་བསྒྱུར།