ཟླ་བརྒྱད་པའི་ཚེས་བཅུ་ཉིན། ལོ་ངོ་བདུན་ཅུར་འབྲས་བུས་གཏམས་དང་སྐྱོད་ལམ་གསར་པར་འབད་པས་བསྐྱོད་ཅེས་པ་བརྗོད་དོན་ཡིན་པའི་གཙགས་དྲུབ་གླུ་གར་ནོར་གནག་རིག་གནས་ཡུལ་སྐོར་དུས་སྟོན་སྐབས་དགུ་པ་ཀོས་ནན་རྫོང་འཆམ་མཐུན་ཐང་ཆེན་ནས་སྤེལ་མགོ་བརྩམས། བྱ་འགུལ་གྱིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ་བདུན་ཅུ་འཁོར་བའི་རིང་ལ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བླངས་པའི་འོད་སྟོང་འབར་བའི་གྲུབ་འབྲས་མངོན་པར་བྱས་པ་དང་། རིག་གནས་རང་རྟོན་རང་སྟོབས་ལ་སྐུལ་འདེད་ནན་མོ་གཏོང་བ། ཀོས་ནན་གྱི་རིག་གནས་སྟོབས་ཤུགས་མཚོན་པར་བྱེད་པ་བཅས་བྱས་ཏེ་ཀོས་ནན་རྫོང་གི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་སྒོས་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་ཧུར་ཐག་གིས་བསྐྲུན།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་རིག་གནས་ཡུལ་སྐོར་བྱ་འགུལ་གྱི་དུས་ཡུན་གཟའ་འཁོར་གཅིག་ཡིན་ལ། འགོ་རྩོམ་མཛད་སྒོའི་རིག་རྩལ་འཁྲབ་སྟོན་དང་ཀོས་ནན་གཙགས་དྲུབ་འགྲེམ་སྟོན་འགྲན་སྡུར། ཕྱུགས་ཟོག་དང་ཞིང་ཞོར་ཐོན་རྫས་འགྲེམ་སྟོན་དཔྱད་སྡུར། ཡིག་རིས་འགྲེམ་སྟོན་སོགས་ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་པ་མང་ལ། མང་ཚོགས་ཀྱི་ལྟ་འདོད་ཉན་འདོད་ཆེ་བའི་རིག་གནས་བྱ་འགུལ་མང་པོ་འདུས་ཡོད།
ཀོས་ནན་ལ་མཐོ་སྒང་གི་གཟན་རྩྭའི་ཕ་ས་དང་གཙགས་དྲུབ་དང་གླུ་གར་གྱི་ཕ་ས། ཀྲུང་གོའི་བོད་ལུག་ནག་པོའི་ཕ་ས་བཅས་ཀྱི་མཚན་སྙན་ཐོབ་ཡོད།
ཉེ་བའི་ལོ་འགའི་རིང་ལ། ཀོས་ནན་རྫོང་གིས་ཁྱད་ལྡན་ཐོན་ཁུངས་དགེ་མཚན་དང་རིག་གནས་དགེ་མཚན་དཔལ་འབྱོར་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་བར་མཐོང་ཆེན་བྱས་ཏེ་བསྟུད་མར་གཙགས་དྲུབ་གླུ་གར་ནོར་གནག་རིག་གནས་ཡུལ་སྐོར་དུས་སྟོན་སྐབས་བརྒྱད་ལ་སྤེལ་བ་དང་། དེ་ནི་མི་རིགས་ཕུལ་བྱུང་རིག་གནས་འགྲེམ་སྟོན་གྱི་གར་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། ཕྱི་ཕྱོགས་སྒོ་འབྱེད་མཉམ་ལས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒེའུ་ཁུང་གལ་ཆེན་ཡིན་པར་མ་ཟད། མི་རིགས་སོ་སོས་འབྲེལ་འདྲིས་དང་བརྗེ་རེས། མཉམ་འདྲེས་བྱེད་པར་སྐུལ་འདེད་གཏོང་བ་དང་། སྤུན་ཟླའི་རྫོང་དང་གྲོང་ཁྱེར་བར་གྱི་བརྩེ་བ་ཇེ་དམ་དུ་གཏོང་བའི་འབྲེལ་ཐག་གལ་ཆེན་ཏུ་གྱུར་ཡོད།
ལྷ་མོ་ཚེ་རིང་གིས་བསྒྱུར།