མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱིས་མཉམ་འབྲེལ་གྱིས་འཕྲོད་བསྟེན་ཕྱོགས་བསྡུས་འཕྲལ་བསྟུན་ཐག་གཅོད་གསོ་སྦྱོང་སྦྱོང་བརྡར་བྱ་འགུལ་སྤེལ།
2023.08.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

མཚོ་སྔོན་ཞིང་ཆེན་དང་ཀན་སུའུ་ཞིང་ཆེན་གྱི་འཕྲོད་བསྟེན་འཕྲལ་བསྟུན་གྱི་ས་ཁོངས་མཉམ་འབྲེལ་མཉམ་ལས་རོགས་ལས་རྐྱེན་སྲོལ་གཏིང་ཟབ་ཏུ་གཏོང་བ་དང་། འཕྲོད་བསྟེན་འཕྲལ་བསྟུན་རུ་ཁག་གི་རོགས་ལས་ནུས་པ་མཐོར་འདེགས་གཏོང་ཆེད། ཟླ་བརྒྱད་པའི་ཚེས་དགུ་ཉིན་ནས་ཚེས་བཅུ་གཅིག་ཉིན་བར། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཀན་སུའུ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་མཉམ་འབྲེལ་བྱས་ནས་ཞིང་ཆེན་གཉིས་ཀྱི་འཕྲོད་བསྟེན་འཕྲལ་བསྟུན་རུ་དཔུང་རྩ་འཛུགས་བྱས་ཏེ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་ནས་འཕྲོད་བསྟེན་ཕྱོགས་བསྡུས་འཕྲལ་བསྟུན་ཐག་གཅོད་གསོ་སྦྱོང་སྦྱོང་བརྡར་བྱ་འགུལ་སྤེལ།

ཐེངས་འདིའི་སྦྱོང་བརྡར་བྱ་འགུལ་གྱི་དམིགས་ཡུལ་ནི་འཕྲལ་བསྟུན་རུ་དཔུང་གི་འཛུགས་སྐྲུན་རྒྱུ་དངོས་དང་སྒྲིག་ཆས་ཀྱི་སྐུལ་སློང་གནས་ཚུལ་ལ་ཞིབ་བཤེར་བྱེད་པ་དང་། ཁྲིམས་ལྟར་ཚད་དང་ལྡན་པའི་སྒོ་ནས་རིམས་ནད་ཐག་གཅོད་བྱེད་པའི་ཆུ་ཚད་མཐོར་འདེགས་བྱས་ཏེ། མང་ཚོགས་ཀྱི་བདེ་ཐང་ལ་འགན་སྲུང་བྱེད་པའི་འགན་འཁྲིའི་འདུ་ཤེས་ཇེ་དྲག་གཏོང་ཆེད་རེད། སྦྱོང་བརྡར་བྱ་འགུལ་དེ་སྤྱི་ཕྱོགས་ནས་སྐུལ་ཁྲིད་བྱེད་པ་དང་། དངོས་འཐབ་ལད་མོ་བྱེད་པ། ཚན་ཆུང་དགར་ནས་དཔེ་སྟོན་བྱེད་པ། ཡུལ་དངོས་དཔྱད་འཇོག་བཅས་ཟུང་འབྲེལ་བྱེད་པའི་རྣམ་པས་སྤེལ་བ་དང་། བྱི་བའི་རིམས་ནད་ཀྱི་སྦྱོང་བརྡར་དང་རྫས་འགྱུར་དུག་ཕོག་དོན་རྐྱེན་གྱི་སྦྱོང་བརྡར། གནོད་ཐེབས་ཁུལ་གྱི་བྲེལ་མྱུར་གསོ་རིག་རོགས་སྐྱོར་གྱི་སྦྱོང་བརྡར་བཅས་ཁག་གསུམ་དུ་བགོས་ཡོད། བསྡོམས་པས་མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་རྒྱལ་ཁབ་ཐོལ་བྱུང་བྲེལ་མྱུར་འགོས་ནད་ཀྱི་འགོག་སྡོམ་ཚོད་འཛིན་རུ་དཔུང་དང་གྲོང་ཁྱེར་རམ་ཁུལ་དང་རྫོང་རིམ་པའི་འཕྲོད་བསྟེན་འཕྲལ་བསྟུན་རུ་དཔུང་གི་མི་ཉིས་བརྒྱ་དང་ལྔ་བཅུ་ལྷག་མངགས་ཡོད་པ་དང་། PCRཞིབ་བཤེར་ཚད་འཇལ་རླངས་འཁོར་དང་རིམས་འགོག་དུག་སེལ་རླངས་འཁོར། གློག་འདོན་སྣུམ་གསོག་རླངས་འཁོར་སོགས་རླངས་འཁོར་དྲུག་ཅུ་ལྷག་བཀོད་སྒྲིག་བྱས་ཡོད།

ཉིན་གསུམ་གྱི་སྦྱོང་བརྡར་བརྒྱུད་དེ་རུ་དཔུང་གི་སྦྱོང་བརྡར་དང་མི་འདང་ས་རྙེད་པ། ཉམས་མྱོང་སྤྱི་བསྡོམས། རིགས་སྣ་ཚོགས་ཀྱི་འཕྲལ་བསྟུན་ཇུས་གཞི་འཐུས་ཚང་དུ་གཏོང་བ་བཅས་ཀྱི་བྱ་བའི་དམིགས་ཡུལ་དུ་སླེབས་ཡོད་ལ། མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་འཕྲོད་བསྟེན་འཕྲལ་བསྟུན་ཕྱོགས་བསྡུས་སྟོབས་ཤུགས་དང་ཆུ་ཚད་མཐོར་འདེགས་བྱེད་པ་དང་། ཞིང་ཆེན་མངའ་ཁོངས་བརྒལ་བའི་རོགས་ལས་ལ་སྐུལ་འདེད་གཏོང་བ། འཕྲོད་བསྟེན་འཕྲལ་བསྟུན་མ་ལག་གི་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། འཕྲོད་བསྟེན་འཕྲལ་བསྟུན་ནུས་པ་མཐོར་འདེགས་བྱེད་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན།


བསོད་ནམས་ཚེ་རིང་གིས་བསྒྱུར།