རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུ་ནི་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལམ་ལུགས་གསར་གཏོད་གལ་ཆེན་ཞིག་རེད། མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་གོང་དུ་སྤེལ་རྒྱུ་དམིགས་ཚད་དུ་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།
རང་བྱུང་སྲུང་སྐྱོང་ཁུལ་ལམ་ལུགས་ཀྱི་ཚད་གཞིའི་མ་ལག་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་ནས། 《མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད》བཟོས་ནས་ལེགས་འགྲུབ་བྱས་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་སྒྲིག་སྲོལ་འཛུགས་པའི་ཇུས་གཞི་སོགས་ལམ་ལུགས་དང་བྱེད་ཐབས་བཅོ་བརྒྱད་བཟོས་ནས་ཕྱིར་བཏོན་ལ། རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་གྱི་ཚད་གཞི་སོགས་ལག་རྩལ་ཚད་གཞི་ཁག་བཞི་ཁྱབ་བསྒྲགས་བྱས་ནས་ཚད་ལྡན་གཅིག་གྱུར་གྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཚད་གཞིའི་མ་ལག་ཅིག་ཆགས་པར་བྱས་པ་མ་ཟད། རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁྲིམས་འཛུགས་ཐད་སྔོན་ལ་འཚོལ་ཞིབ་བྱས། རྒྱལ་ཡོངས་སུ་རང་བྱུང་སྲུང་སྐྱོང་ཁུལ་གྱི་བརྟག་དཔྱད་དཔྱད་འཇོག་དང་བསྡུ་སྒྲིག་ལེགས་གཏོང་གི་ལས་དོན་སྔོན་ལ་སྤེལ་ཞིང་། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་རིགས་མི་འདྲ་བའི་རང་བྱུང་སྲུང་སྐྱོང་ཁུལ་བརྒྱ་དང་དགུ་བསྡུ་སྒྲིག་ལེགས་གཏོང་བྱས་པའི་ནང་རྒྱལ་ཁབ་སྤྱི་གླིང་གཉིས་དང་། རང་བྱུང་སྲུང་སྐྱོང་ཁུལ་བཅུ་བདུན། རང་བྱུང་སྤྱི་གླིང་རེ་བཞི་བཅས་ཚུད་ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་འབུམ་གཉིས་དང་ཁྲི་བདུན་ལྷག་ཟིན་པ་དེས་ཞིང་ཆེན་ཡོངས་ཀྱི་སའི་རྒྱ་ཁྱོན་གྱི་བརྒྱ་ཆའི་སོ་དགུ་ལྷག་ཟིན་པ་དང་། རྒྱལ་ཁབ་སྤྱི་གླིང་གིས་ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་དོན་ལྔ་ལྷག་ཟིན་ཡོད་ལ། སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་གིས་ཞིང་ཆེན་ཡོངས་ཀྱི་སའི་རྒྱ་ཁྱོན་གྱི་བསྡུར་གྲངས་ཀྱི་བརྒྱ་ཆའི་ཞེ་གཉིས་ལྷག་ཟིན་ཡོད་པས། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པ་དང་རང་བྱུང་སྲུང་སྐྱོང་ཁུལ་རྨང་གཞི་ཡིན་པ། རིགས་སོ་སོའི་རང་བྱུང་སྤྱི་གླིང་ཁ་གསབ་ཡིན་པའི་རྣམ་པ་གསར་བའི་རང་བྱུང་སྲུང་སྐྱོང་ས་ཆའི་མ་ལག་ཅིག་གྲུབ་པར་བྱས་ཡོད།