མཚོ་ནུབ་ཁུལ་གྱིས་དེང་རབས་ཐོན་ལས་མ་ལག་བཙུགས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་།
2023.08.14 ཁུངས། ཀློག་གྲངས། 44

ད་ལོར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པས་སྣེ་ཁྲིད་དེ། ཕྱོགས་ཡོངས་ནས་དེང་རབས་ཅན་གྱི་ཞིང་ཕྱུགས་ལས་བདག་གཉེར་མ་ལག་འཛུགས་སྐྲུན་བྱས་ནས། གྲོང་གསེབ་དར་སྤེལ་ལ་འཆར་འགོད་ལེགས་པོ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། 

མཚོ་ནུབ་ཁུལ་གྱིས་གྲོང་གསེབ་དར་སྤེལ་གྱི་གོམ་ཁ་ཇེ་མྱུར་དུ་གཏོང་བའི་ལས་རིམ་ལ་རྐང་བཙུགས་ནས། ཞིང་ཕྱུགས་ལས་རིགས་དེང་རབས་ཅན་གྱི་བདག་གཉེར་མ་ལག་འཛུགས་རྒྱུ་ནས་འགོ་བརྩམས་ཏེ། གསར་དར་ཞིང་ཕྱུགས་ཁེ་ལས་གསོ་སྐྱོང་བྱས་པ་དང་། གཅིག་བསྡུས་སྟོབས་ཤུགས་ལ་བརྟེན་ནས་ཞིང་ཕྱུགས་ཁེ་ལས་གཙོ་གྲས་གསོ་སྐྱོང་བྱས་ནས། མཉམ་ལས་ཁང་གི་ཚད་ལྡན་འཕེལ་རྒྱས་དང་། དམངས་གཙོའི་དོ་དམ་ལེགས་སྒྱུར། ནོར་སྲིད་སྤྱི་སྒྲོག ཁེ་ཕན་མཉམ་བགོ་སོགས་ཀྱི་དེང་རབས་བདག་གཉེར་ལམ་ལུགས་ལག་བསྟར་བྱས། 

དེང་རབས་ཞིང་ཕྱུགས་ལས་རིགས་ཀྱི་ཁེ་གཉེར་མ་ལག་ལ་བརྟེན་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་། གྲོང་གསེབ་དར་སྤེལ་ལ་ཤུགས་ཡོད་འདེགས་སྐྱོར་འདོན་སྤྲོད་བྱས། མཚོ་ནུབ་ཁུལ་གྱིས་ས་ཁུལ་རེ་ལ་ཇུས་གཞི་རེ་གཏན་འབེབ་བྱས་ནས། སྡེ་བ་རིམ་པའི་ཐོན་ཁུངས་བེད་སྤྱད་ནས་ཐོན་ལས་འཕེལ་རྒྱས་སུ་བཏང་བ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་རྒྱུ་ནོར་གཡིར་བསྐྱི་སོགས་ཀྱི་རྣམ་པ་ལ་བརྟེན་ནས་ཐུན་མོང་དཔལ་འབྱོར་གྱི་སྟོབས་ཤུགས་རྒྱས་སུ་བཅུག ཁུལ་གྱི་ཁེ་ལས་གཙོ་གྲས་ལ་འགན་བཅོལ་བྱས་ཏེ། ཐོན་ལས་ར་བ་དང་ཁེ་ལས། སྡེ་བའི་ཐུན་མོང་དཔལ་འབྱོར། དུད་ཁྱིམ་བཅས་ཀྱི་མཉམ་ལས་རྣམ་པ་གྲུབ་པར་བྱས་ཏེ། སྡེ་བ་རིམ་པའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས། དུས་མཚུངས་སུ། སྡེ་བའི་ཐུན་མོང་རྒྱུ་ནོར་གྱི་ཐོན་དབང་མ་རྐང་མཉམ་ལས་ལམ་ལུགས་ལ་སྒྱུར་བཅོས་བྱས་ཏེ། རང་བདག་གསར་སྤེལ་དང་། དངུལ་གཏོང་བུན་གཏོང་། ལས་ཞུགས་ཟབ་ཞུགས་སོགས་ཀྱི་རྣམ་པར་སྣེ་ཁྲིད་བྱས་ནས། ཐུན་མོང་གི་གསོན་ཤུགས་རྒྱས་པར་བྱས་པ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་བུ་རྒྱ་བསྐྱེད་དེ། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱིས་གྲོང་གསེབ་དར་སྤེལ་ལ་འདེགས་སྐྱོར་གྱི་ནུས་པ་བླ་ལྷག་བཏོན།

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།