ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་རྫས་འགྱུར་བཟོ་ལས་ཁུལ་གྱི་བདེ་འཇགས་ཉེན་ཁའི་དག་ཐེར་བཅོས་སྐྱོང་བྱ་བར་སྐུལ་འདེད་བཏང་།
2023.08.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ཟླ་བརྒྱད་པའི་ཚེས་དགུ་ཉིན།  གསར་འགོད་པས་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན།    ཞིང་ཆེན་ཡོངས་ཀྱི་རྫས་འགྱུར་བཟོ་ལས་ཁུལ་གྱི་འཛུགས་སྐྲུན་རྗེས་ལུས་ཡིན་པའི་གནད་དོན་ལ་དམིགས་ཏེ་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་གྱིས་འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་བཏང་བ་དང་རང་འགུལ་བྱེད་ཐབས་སྤྱད་པར་མ་ཟད།   ས་གནས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག  བཟོ་ལས་ཁུལ་གྱི་དོ་དམ་ཨུ་ཡོན་ལྷན་ཁང་བཅས་བར་གྱི་བརྗེ་རེས་འབྲེལ་འདྲིས་ལ་ཤུགས་བསྣན་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་དོ་དམ་ཨུ་ཡོན་ལྷན་ཁང་གི་ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས་ཀྱི་བདེ་འཇགས་ཉེན་ཁ་གཅིག་བསྡུས་བཅོས་སྐྱོང་ཐད་ཀྱི་ཕྱིར་ལྡོག་གནད་དོན་དག་ཐེར་བཅོས་སྐྱོང་བྱེད་པ་དང་ཞིང་ཆེན་སྲིད་གཞུང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མཛུབ་སྟོན་བླང་བྱ་དོན་འཁྱོལ་ནན་མོ་བྱས།

རྒྱུས་ལོན་བྱུང་བ་ལྟར་ན།   ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་གྱི་འགོ་ཁྲིད་ཀྱིས་རུ་ཁག་ཁྲིད་དེ་འཕྲལ་བསྟུན་དོ་དམ་པུའུ་རུ་སོང་ནས་འབྲེལ་ཡོད་འགན་འཁུར་མི་སྣ་དང་ཐུག་འཕྲད་བྱས་ཏེ་འཕྲལ་བསྟུན་དོ་དམ་པུའུ་ཡི་རང་ཞིང་གི་རྫས་འགྱུར་བཟོ་ལས་ཁུལ་འཛུགས་སྐྲུན་བྱ་བའི་ཐད་ཀྱི་མཛུབ་སྟོན་དང་རོགས་སྐྱོར་བརྩོན་ལེན་བྱས།   ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་སོགས་འགན་འཁྲིའི་སྡེ་ཁག་བརྒྱད་དང་ཁོངས་གཏོགས་ས་ཆའི་སྲིད་གཞུང་བཅས་ཀྱིས་རྫས་འགྱུར་བཟོ་ལས་ཁུལ་གྱི་ཞིང་ཆེན་རིམ་པའི་གདེང་འཇོག་བསྐྱར་བཤེར་ཕྱིར་ལྡོག་གྲོས་ཚོགས་བསྡུ་བ་དང་།  བཟོ་ལས་ཁུལ་གྱི་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་སྐུལ་འདེད་ཚོགས་འདུ་བསྡུ་བར་རྩ་འཛུགས་བྱས་ཏེ་རྙེད་པའི་གནད་དོན་ཁྱབ་བསྒྲགས་བྱས་པར་མ་ཟད་དག་ཐེར་ལེགས་བཅོས་ཀྱི་ལས་འགན་གསལ་བོར་བཏོན།

དེ་མིན།  བྱ་བའི་ཚན་ཆུང་གཉིས་མངགས་སྟེ་ཟི་ལིང་གྲོང་ཁྱེར་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་གཏན་འཁེལ་བྱས་པའི་རྫས་འགྱུར་བཟོ་ལས་ཁུལ་བཞི་ལ་ཁྱོན་ཡོངས་ནས་བརྟག་དཔྱད་ཞིབ་འཇུག་བྱས་པ་དང་།   ཡུལ་དངོས་སུ་ཟབ་ཞུགས་བྱས་ཏེ་བཟོ་ལས་ཁུལ་གྱི་འཛུགས་སྐྲུན་འཕེལ་རིམ་གནས་ཚུལ་ལ་རྒྱུས་ལོན་བྱས་ནས་བདེ་འཇགས་ཉེན་ཁ་དག་ཐེར་བཅོས་སྐྱོང་བྱ་བར་འཆར་གཞི་བཏོན་པ་དང་མཛུབ་སྟོན་ཞིབ་མོ་བྱས།

ཆེད་དམིགས་མ་དངུལ་གཏོང་བ་དང་སྲིད་གཞུང་གིས་ཞབས་ཞུ་ཉོ་བའི་བྱེད་ཐབས་བརྒྱུད་དེ།   ཀྲུང་གོ་རྫས་འགྱུར་དངོས་རྫས་བདེ་འཇགས་མཐུན་ཚོགས་ལ་བརྟེན་ནས་གཏན་འཁེལ་བྱས་པའི་རྫས་འགྱུར་བཟོ་ལས་ཁུལ་བཞི་རུ་བདེ་འཇགས་ཉེན་ཁའི་གདེང་འཇོག་བསྐྱར་བཤེར་བྱ་བ་སྤེལ་བ་དང་།   རྫས་འགྱུར་བཟོ་ལས་ཁུལ་བཞིའི་མིག་སྔའི་བདེ་འཇགས་ཉེན་ཁའི་རིམ་པ་དང་གནས་པའི་གནད་དོན་གཙོ་བོ་གཏན་འཁེལ་གསལ་བོ་བྱས་པར་མ་ཟད།  དེ་དག་ཐེར་ལེགས་བཅོས་བྱེད་པའི་བྱེད་ཐབས་དང་གྲོས་གཞི་བཏོན་ཏེ་རྫས་འགྱུར་བཟོ་ལས་ཁུལ་གྱི་དག་ཐེར་བཅོས་སྐྱོང་བྱ་བར་ཆེད་ལས་ཅན་དང་ཚད་ལྡན་ཅན།  མ་ལག་ཅན་བཅས་ཀྱི་སྒོ་ནས་སྐུལ་འདེད་གཏོང་བར་འགན་སྲུང་བྱས།

ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་གྱིས་མུ་མཐུད་དུ་རྫས་འགྱུར་བཟོ་ལས་ཁུལ་གྱི་བདེ་འཇགས་ཉེན་ཁའི་དག་ཐེར་བཅོས་སྐྱོང་བྱ་བར་སྐུལ་འདེད་ནན་མོ་བཏང་སྟེ་རང་ཞིང་གི་བཟོ་ལས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོབ་བཟང་བོ་བྱེད་རྒྱུ་རེད།

                                                                                                             ལྷ་མོ་ཚེ་རིང་གིས་བསྒྱུར།