ཟླ་བརྒྱད་པའི་ཚེས་བཅུ་ཉིན། གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིང་ཕྱུགས་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར། མཚོ་ལྷོ་ཁུལ་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་གསར་སྐྲུན་བྱེད་པ་དམིགས་འབེན་དུ་བྱས་པ་དང་། འབྲུ་རིགས་བརྟན་འཇགས་དང་མཁོ་འདོན་འགན་སྲུང་ལ་སྔར་ལས་ཤུགས་སྣོན་པ་དང་ཕྱིར་གཏོང་ས་གསར་སྐྲུན་ཐད་ནས་སྔར་ལས་ཇེ་དྲག་ཏུ་གཏོང་བ། སོན་ལས་དར་སྤེལ་ཐད་ནས་ཡང་བསྐྱར་ཐོད་བརྒལ་བྱེད་པ། ཚུལ་སྒྱུར་རིམ་སྤོར་ཐད་ནས་ཡང་བསྐྱར་སྐུལ་འདེད་གཏོང་བ། ཐོན་ལས་མཉམ་བསྲེས་ཐད་ནས་ཡང་བསྐྱར་ཇེ་ཟབ་ཏུ་གཏོང་བ་སོགས་ཐད་དུ་རྒྱུན་མཐུད་ངང་ཤུགས་བཏོན་ནས། ཕྱིར་གཏོང་སའི་སྔོན་སྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་རྣམ་པ་གསར་བ་བསྐྲུན།
མཚོ་ལྷོ་ཁུལ་གྱིས་རྒྱུན་མཐུད་ངང་རྨོ་ཞིང་ལ་འབྲུ་རིགས་མི་འདེབས་པའི་སྣང་ཚུལ་བཅོས་སྐྱོང་བྱེད་པ་དམ་འཛིན་བྱས་པ་དང་། བེད་མེད་དུ་བསྐྱུར་བའི་ས་ཞིང་ལ་ཡང་བསྐྱར་རྨོ་འདེབས་བྱས་ལ། ཚད་གཞི་མཐོ་བའི་ཞིང་ས་སྤྱི་ཆིང་སྟོང་གཅིག་དང་ལྔ་བརྒྱ་དྲུག་ཅུ་གསར་འཛུགས་བྱས་པ་དང་། རྨོ་ཞིང་སྲུང་སྐྱོབ་འཛུགས་སྐྲུན་ཐད་ཤུགས་བསྣན་ནས། སྒྲིག་ཆས་ཞིང་ལས་སྟོབས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་། ལུད་རྫས་དང་ཞིང་སྨན་གཉིས་ཇེ་ཉུང་དུ་གཏོང་བའི་བྱ་བར་སྐུལ་འདེད་བཏང་བ་དང་། ནས་དང་སྐེ་ཚེ། གཟན་རྩྭ། རྒྱ་སྲན། སྔོ་ཚལ་སོགས་སྤུས་ལེགས་ཐོན་བཟང་རྟེན་གཞི་སྐོར་ཞིག་འཛུགས་སྐྲུན་བྱས། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ནོར་གནག་བོད་ལུག་གི་ཁུངས་འདེད་སྟེགས་བུ་འཐུས་ཚང་དུ་བཏང་བ་དང་། ཞིང་ཕྱུགས་ལས་ཐོན་སྐྱེད་ཀྱི་ཐོན་རྫས་གསུམ་དང་ཚད་གཞི་གཅིག་གི་མཐོར་འདེགས་འགུལ་སྐྱོད་སྤེལ་ལ། ཉི་འོད་ནུས་པའི་ལུག་གི་ཁུལ་ཁོངས་སྤྱི་སྤྱོད་ཚོང་རྟགས་གསར་སྐྲུན་བྱས། ལུག་ནག་གི་རྒྱུད་སྤེལ་དང་ནོར་གནག་དང་བོད་ལུག་གི་རྒྱུད་སྤེལ་བཟོ་སྐྲུན་ལག་བསྟར་བྱས་པ་དང་། མུའུ་ཁྲིའི་ནས་དང་རྒྱ་སྲན། མུའུ་ཁྲིའི་གཟན་རྩྭའི་སོན་བཟང་རྒྱུད་སྤེལ་རྟེན་གཞི་གསར་སྐྲུན་བྱས་ལ། ཁྲི་ཀའི་ཧུའུ་ཧྥིན་དང་ཅིན་སུའེ། ཀོས་ནན་གྱི་དེང་རབས་རྩྭ་ལས་སོགས་སོན་ལས་ཁེ་ལས་གོང་འཕེལ་དུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ། འདེབས་གསོ་དང་རྒྱུད་སྤེལ། སྐུལ་འདེད་གཞི་གཅིག་ཅན་གྱི་ཐོན་ལས་མ་ལག་བཙུགས།
ཚུལ་སྒྱུར་རིམ་སྤོར་དང་ཐོན་ལས་མཉམ་བསྲེས་ཕྱོགས་ནས། མིག་སྔར། མཚོ་ལྷོ་ཁུལ་གྱིས་རྩྭ་ཕྱུགས་དོ་མཉམ་དང་འདེབས་གསོ་ཟུང་འབྲེལ། གཟན་རྩྭས་གསོ་བ་སོགས་ཀྱི་འཁོར་རྒྱུག་འཕེལ་རྒྱས་མ་དཔེ་ཁྱབ་གདལ་དུ་བཏང་བ་དང་། ནོར་གནག་དང་བོད་ལུག་ཕན་ལྡན་གསོ་སྤེལ། རིགས་རྒྱུད་འདེམས་གསོ་སོགས་ཁྱབ་གདལ་དུ་བཏང་། ཁྲི་ཀ་རྫོང་གི་རྩྭའི་ཐོན་ལས་ཀྱི་ཞིང་ཆེན་རིམ་པའི་དེང་རབས་ཞིང་ལས་ར་བ་འཛུགས་སྐྲུན་བྱས། གུང་ཧོ་རྫོང་རྒྱལ་ཁབ་རིམ་པའི་བོད་ལུག་ཐོན་ལས་ར་བ་དང་རྒྱལ་ཡོངས་ཀྱི་རྩྭ་ས་ཕྱུགས་ལས་ཚུལ་སྒྱུར་རིམ་སྤོར་ཚོད་ལྟའི་རྫོང་དུ་འཛུགས་སྐྲུན་དང་ཀོས་ནན་རྫོང་ཞིང་ཆེན་རིམ་པའི་རྩྭའི་ཐོན་ལས་ར་བ་རུ་འཛུགས་སྐྲུན་བྱས། ཐུན་ཏེའི་ཁུལ་རིམ་པའི་ནོར་གནག་ཐོན་ལས་ར་བ། ཀོས་ནན་གྱི་ནོར་ལུག་ཉོ་ཚོང་ཚོང་ར། ཁྲི་ཀ་རྫོང་གི་སྔོ་ཚལ་འདེབས་འཛུགས་རྟེན་གཞི། ཞིན་ཧེ་ཡི་འབྲུ་འོ་ལས་སྣོན་ཐོན་ལས་ར་བ་སོགས་ལས་གཞི་ཆེན་པོ་དམ་འཛིན་བྱས།
རིན་ཆེན་མཚོས་བསྒྱུར།