ཞིང་ཆེན་ཡོངས་ཀྱི་སྡེ་བ་སྟོང་བཞི་དང་དྲུག་བརྒྱ་རེ་བཞིར་བྱིས་པའི་ལྟ་སྐུལ་མཛུབ་སྟོན་མི་སྣ་དང་བྱིས་པའི་ཀྲུའུ་རིན་ཡོད་པར་གྱུར།
2023.08.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་བརྒྱད་པའི་ཚེས་བཅུ་གཅིག་ཉིན།   ཞིང་ཆེན་དམངས་སྲིད་ཐིན་ནས་འབྱོར་བའི་གནས་ཚུལ་ལྟར་ན།    རང་ཞིང་གིས་ཞིང་ཆེན་དང་གྲོང་ཁྱེར།  རྫོང་བཅས་རིམ་པ་གསུམ་གྱི་ནར་མ་སོན་པའི་མིའི་སྲུང་སྐྱོབ་དྲ་རྒྱའི་མ་ལག་བཙུགས་རྗེས།    ཞིང་ཆེན་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་བཞི་བརྒྱ་དང་བདུན་དང་སྡེ་བ་སྟོང་བཞི་དང་དྲུག་བརྒྱ་རེ་བཞིར་བྱིས་པའི་ལྟ་སྐུལ་མཛུབ་སྟོན་མི་སྣ་དང་བྱིས་པའི་ཀྲུའུ་རིན་ཡོད་པར་གྱུར།

དཀའ་ཁག་ཡོད་པའི་བྱིས་པར་སྲུང་སྐྱོབ་དང་དོ་ཁུར་བཟང་བོ་བྱེད་ཆེད།   ལོ་ལྔའི་འཆར་གཞི་བཅུ་བཞི་པའི་ཚུན་ལ།   རང་ཞིང་གིས་བསྡོམས་པས་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་གཉིས་ལྷག་བཏང་སྟེ་བྱིས་པའི་ཕན་བདེ་ལས་ཁུངས་དང་ནར་མ་སོན་པའི་མིའི་སྲུང་སྐྱོབ་ལས་ཁུངས་ཀྱི་བྱེད་ནུས་སྒྲིག་ཆས་འཐུས་ཚང་དུ་བཏང་བ་དང་།   དཀའ་ཁག་ཡོད་པའི་ནར་མ་སོན་པའི་མི་ཚོགས་ཀྱི་འཚོ་བ་དང་སློབ་གསོ།  སྨན་བཅོས་སོགས་ཐད་ཀྱི་འགན་སྲུང་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་འགན་སྲུང་ཚད་གཞི་མཐོར་འདེགས་སུ་གཏོང་བའི་ནང་རྐྱེན་བཙུགས་ཏེ་འཐུས་ཚང་དུ་བཏང་བ་དང་།  བསྟུད་མར་ལོ་གསུམ་ལ་འགན་སྲུང་ཚད་གཞི་མཐོར་འདེགས་སུ་བཏང་།   མིག་སྔར།   གཅིག་བསྡུས་གསོ་སྐྱོང་བྱེད་པའི་དྭ་ཕྲུག་དང་སྤྱི་ཚོགས་སྟེང་གི་ཁ་ཐོར་དུ་སྡོད་པའི་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་འགན་སྲུང་ཚད་གཞི་སོ་སོར་མི་རེ་ལ་ཟླ་རེར་སྒོར་སྟོང་གཅིག་དང་བཞི་བརྒྱ་ལྔ་བཅུ་དང་སྒོར་སྟོང་གཅིག་དང་ལྔ་བཅུ་ཡིན་པ་དང་།  དེ་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མཇུག་དང་བསྡུར་ན་སོ་སོར་བརྒྱ་ཆའི་སོ་གཉིས་དང་བརྒྱ་ཆའི་ལྔ་བཅུ་འཕར་ཡོད།

ཞིང་ཆེན་དམངས་སྲིད་ཐིན་གྱིས་སྤྱི་ཚོགས་ཀྱི་སྟོབས་ཤུགས་མཁར་གྲོང་གཞིས་ཁུལ་དང་སློབ་གྲྭ། ཁྱིམ་ཚང་བཅས་སུ་ཟབ་ཞུགས་བྱས་ནས་ཞིང་སྡེའི་ཁེར་སྡོད་བྱིས་པ་དང་དཀའ་ཁག་ཡོད་པའི་བྱིས་པར་ལྟ་སྲུང་མཛུབ་སྟོན་དང་སེམས་ཁམས་ཁྲིད་སྟོན་བྱེད་པར་སྐུལ་མ་བཏང་ནས་ནར་མ་སོན་པའི་མིའི་སྲུང་སྐྱོབ་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བའི་བྱ་བའི་རྣམ་པ་གྲུབ་པར་བྱས།

                                                                                                ལྷ་མོ་ཚེ་རིང་གིས་བསྒྱུར།