ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན་ནི་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོ་སྐབས་དང་པོ་ཡིན་པ་དང་། ཉིན་དེའི་སྔ་དྲོའི་ཆུ་ཚོད་དགུ་ནས་ཕྱི་དྲོའི་ཆུ་ཚོད་ལྔ་བར་དུ། རང་ཞིང་གིས་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཞིན་ཉིན་ཐང་ཆེན་ནས་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོ་སྐབས་དང་པོའི་མཚོ་སྔོན་ཞིང་ཆེན་གྱི་དྲིལ་སྒྲོག་བྱ་འགུལ་སྤེལ་རྒྱུ་རེད།
རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་བྱ་བའི་བཀོད་སྒྲིག་ལྟར་ན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་མཚོ་སྔོན་གྱི་ལག་ལེན་སྟོབས་ཤུགས་ངོམ་ཆེད། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་སོགས་སྡེ་ཁག་དང་ས་ཁུལ་དང་མཉམ་དུ། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོ་སྐབས་དང་པོའི་མཚོ་སྔོན་ཞིང་ཆེན་གྱི་དྲིལ་སྒྲོག་བྱ་འགུལ་སྤེལ་རྒྱུ་རེད།
བྱ་འགུལ་གྱིས་ཆུ་དྭངས་རི་ལྗང་གསེར་དངུལ་རི་ལས་ལྷག་པ་བརྗོད་སྙིང་དུ་བྱ་རྒྱུ་ཡིན་པ་དང་། ཡུལ་དངོས་ནས་སྐྱེ་ཁམས་དཔལ་ཡོན་མཐོ་སའི་ན་གཞོན་འཕྲལ་རྒོལ་རུ་ཁག་ལ་དར་ཆ་སྟེར་བ་དང་། ཨ་ཆེན་གངས་རྒྱབ་ཀྱི་བརྟན་སྲུང་སྙིང་སྟོབས་སྒྲོག་འགྲེལ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་པར་རིས་འགྲེམ་སྟོན། སྐྱེ་ཁམས་ཁྱབ་ཁོངས་ཀྱི་ཁྲིམས་སྐྱོང་དྲིལ་སྒྲོག་སོགས་བྱ་འགུལ་སྤེལ་རྒྱུ་ཡིན་ལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱིས་མཉམ་དུ་རྒྱལ་ཁབ་སྤྱི་གླིང་གི་བརྗོད་དོན་དྲིལ་སྒྲོག་བྱ་འགུལ་དང་། ཞིང་ཆེན་ཡོངས་ཀྱི་ས་ཁུལ་གཞན་པས་ཀྱང་རང་ས་ཁུལ་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་རྣམ་པ་མང་བའི་དྲིལ་སྒྲོག་བྱ་འགུལ་སྤེལ་རྒྱུ་རེད།
ཉེ་བའི་ལོ་འགའི་རིང་ལ། རང་ཞིང་གི་གོང་འོག་ཡོངས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱས་ལ། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གཏན་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ཁོང་དུ་ཆུད་པར་བྱས་པ་དང་། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་འགོག་ར་བརྟན་པོ་འཛུགས་པ་དང་ཆུ་བོའི་འབབ་རྒྱུན་མི་ཆད་པར་ཁག་ཐེག་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ལ། སྤོབས་པ་ཆེན་པོས་འཚོལ་ཞིབ་དང་གསར་གཏོད་བྱས་པ་དང་། འཐབ་ཇུས་རང་བཞིན་གྱི་བྱེད་ཐབས་སྐོར་ཞིག་སྤྱད་ལ། གནད་འགག་རང་བཞིན་གྱི་བཅོས་སྒྱུར་སྐོར་ཞིག་སྤེལ་བ་དང་། འདེགས་སྐྱོར་རང་བཞིན་གྱི་བཟོ་སྐྲུན་སྐོར་ཞིག་ལག་བསྟར་བྱས་ཤིང་། མ་ལག་རང་བཞིན་གྱི་བཅོས་སྐྱོང་སྐོར་ཞིག་སྤེལ་བ་དང་། མཚོན་བྱེད་རང་བཞིན་གྱི་གྲུབ་འབྲས་སྐོར་ཞིག་བླངས་ལ། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་དུ་ལོ་རྒྱུས་རང་བཞིན་དང་དཀྱོག་མཚམས་རང་བཞིན། སྤྱི་ཡོངས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་དང་། མཐོ་སྒང་གི་གནམ་སྔར་ལས་སྔོ་བ་དང་རི་སྔར་ལས་ལྗང་བ། ཆུ་སྔར་ལས་དྭངས་ལ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་བཟང་བོ་བླངས་པ་དང་གོམ་སྟབས་བརྟན་པོ་སྤོས།
རིན་ཆེན་མཚོས་བསྒྱུར།