ཟླ་བརྒྱད་པའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུའུ་དང་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་དོ་དམ་ཅུའུ་ཡིས་སྨྱན་སྦྱོར་ལ་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་མཚོ་སྔོན་ས་ཁོངས་དང་མདོ་ལ་རི་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་གྱི་གྲུབ་འབྲས་སྙན་ཞུ་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟ་བྱེད་ས་དང་མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན་ལག་བསྟར་བྱས་པའི་ཚུན་ལ། སྐྱེ་ཁམས་མ་ལག་ཞན་འགྱུར་གྱི་སྣང་ཚུལ་ལ་ཕན་ནུས་ལྡན་པའི་ཚོད་འཛིན་ཐོབ་པ་དང་། སྐྱེ་ཁམས་སླར་གསོའི་ཕན་ནུས་མངོན་གསལ་གྱིས་ཇེ་མཐོར་སོང་། སྐྱེ་ཁམས་ལྟ་ཞིབ་ཚད་འཇལ་དྲ་རྒྱའི་ཁེབས་ཚད་བསྟུད་མར་རྒྱ་བསྐྱེད་ནས་བརྡ་འཕྲིན་ཅན་གྱི་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་། སྐྱེ་ཁམས་ཁ་གསབ་ཚད་གཞི་དང་མ་ལག་རིམ་གྱིས་གཏན་འཁེལ་བྱས་ནས་ཁ་གསབ་སྟེར་བའི་རྐྱེན་སྲོལ་ཕལ་ཆེར་ཆགས་ཡོད། རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་བརྟན་འཇགས་ངང་མཐོར་འདེགས་བྱུང་སྟེ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁེ་ཕན་བསྟུད་མར་མངོན་པར་བྱས། སྐྱེ་ཁམས་དཔལ་ཡོན་འདུ་ཤེས་དང་ལྷད་མེད་འཕེལ་རྒྱས་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་སྟེ། ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་ཉིན་རེ་བཞིན་འབུར་ཐོན་དུ་གྱུར།
མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་ས་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ཆིང་ས་ཡ་དྲུག་དང་འབུམ་གསུམ་ཡོད་ཅིང་། མདོ་ལ་དང་ཐེམ་ཆེན། མིན་ཡོན། རྐང་ཚ། རྟ་ཐང་། མེན་ཧི་སོགས་རྫོང་བཅུ་དང་རྟ་ཐང་ནོར་གནག་གསོ་སྤེལ་ར་བའི་ཡུལ་ཚོ་དང་གྲོང་རྡལ་དྲུག་ཅུའི་སྡེ་བ་དྲུག་བརྒྱ་དང་རེ་གཉིས་ལ་འབྲེལ་ཡོད།
མ་ལག་ལྡན་པའི་དཔྱད་འཇོག་བརྒྱུད་དེ། ནམ་ཟླར་སྤྱིའི་ཆ་ནས་དྲོད་གཤེར་ཅན་གྱི་ཁྱད་སྟོབས་མངོན་པར་བྱས་ཡོད་ཅིང་། སྤང་ཤུན་གྱི་ཁེབས་ཚད་དེ་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་གྱི་བཟོ་སྐྲུན་རབ་དང་རིམ་པ་ལག་བསྟར་མ་བྱས་གོང་ལས་སྤྱི་ཆིངས་ཁྲི་བཞི་དང་སྟོང་བདུན་སུམ་བརྒྱ་ཇེ་ཆེར་སོང་ཡོད་པ་དང་། སྤང་ཤུན་གྱི་སྤུས་ཚད་མངོན་གསལ་གྱིས་ཇེ་ལེགས་སུ་སོང་ནས་སྐྱེ་ཁམས་མ་ལག་ཞན་འགྱུར་ལ་ཕན་ནུས་ལྡན་པའི་ཚོད་འཛིན་ཐོབ་ཡོད་ལ། ཆུ་མགོའི་ཆུ་གསོག་ནུས་པ་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད་པར་མ་ཟད། མདོ་ལ་རི་ཁུལ་གྱི་མཁའ་དབུགས་སྤུས་ཚད་བསྟུད་མར་ཇེ་ལེགས་སུ་སོང་ཡོད། མདོ་ལ་རི་ཁུལ་ནི་སྐྱེ་ཁམས་སྣ་མང་ཅན་གྱི་ས་ཁུལ་གཙོ་བོ་ཞིག་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་དངོས་སྲོག་ཆགས་སྣ་མང་ཅན་གྱི་སྲུང་སྐྱོབ་ཁྲོད་ཐུན་མོང་མ་ཡིན་པའི་གོ་གནས་གལ་ཆེན་བཟུང་ཡོད།
མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་མཚོ་སྔོན་ས་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ཆིངས་ས་ཡ་གཅིག་དང་འབུམ་ལྔ་ཁྲི་བརྒྱད་ཡོད་ཅིང་། གཏེར་ལེན་ཁ་གྲོང་ཁྱེར་དང་མདོ་ལ་རྫོང་སོགས་རྫོང་དང་གྲོང་ཁྱེར་གྱི་ཡུལ་ཚོ་དང་གྲོང་རྡལ་ཉི་ཤུའི་སྡེ་བ་བརྒྱ་དང་བཅུ་དགུར་འབྲེལ་ཡོད། མ་ལག་ལྡན་པའི་དཔྱད་འཇོག་བྱས་པ་བརྒྱུད། ནམ་ཟླའི་འགྱུར་ལྡོག་དེ་སྤྱིའི་ཆ་ནས་དྲོད་གཤེར་ཅན་གྱི་ཁྱད་སྟོབས་མངོན་པར་བྱས་ཡོད། རྒྱལ་ཁབ་སྤྱི་གླིང་གི་མཚོ་སྔོན་ས་ཁོངས་ཀྱི་ཚོད་ལྟའི་འཛུགས་སྐྲུན་སྤེལ་བའི་ཚུན་ལ་སྤང་ཤུན་གྱི་རྒྱ་ཁྱོན་སྤྱི་ཆིངས་སྟོང་དགུ་དང་བདུན་བརྒྱ་ཇེ་ཆེར་སོང་བ་དང་། སྤང་ཤུན་ཁེབས་ཚད་དེ་ཆ་སྙོམས་ཀྱིས་བརྒྱ་ཆའི་གཅིག་དང་གྲངས་ཆུང་བཞི་ལྔ་ཇེ་ཆེར་སོང་ཡོད། སྤང་ཤུན་གྱི་སྐྱེ་ཁམས་སྤུས་ཚད་དེ་བརྒྱ་ཆའི་བཅོ་ལྔ་དང་གྲངས་ཆུང་གཉིས་བདུན་མཐོར་འདེགས་བྱུང་ཡོད་ལ། བརྒྱ་ཆའི་དྲུག་ཅུ་དང་གྲངས་ཆུང་གཅིག་བདུན་གྱི་ཞན་འགྱུར་རྩྭ་སར་ཕན་ནུས་ལྡན་པའི་སླར་གསོ་ཐོབ་ཡོད། ཆུ་མགོའི་ཆུ་གསོག་ནུས་པ་དང་ཆུ་རྒྱུན་གྱི་བཞུར་ཚད་མངོན་གསལ་གྱིས་ཇེ་ཆེར་སོང་བར་མ་ཟད། སྐྱེ་དངོས་སྣ་མང་ཅན་གྱི་སྲུང་སྐྱོབ་ལ་ཕན་འབྲས་མངོན་གསལ་ཐོབ་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།