མཚོ་སྔོན་པོར་སྐོར་བ་རྒྱག་པའི་སློབ་ཆེན་སློབ་མའི་གཞུང་ལམ་ལྕགས་རྟ་རྒྱུག་འགྲན་སྐབས་བཅུ་གཉིས་པ་མི་འགྱངས་པར་འགོ་རྩོམ་རྒྱུ་རེད།
2023.08.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ་བརྒྱད་པའི་ཚེས་བཅུ་བཞི་ཉིན།  གསར་འགོད་པས་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་རྒྱུག་འགྲན་རྩ་འཛུགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན།   ཉིས་སྟོང་ཉེར་གསུམ་ལོའི་མཚོ་སྔོན་པོར་སྐོར་བ་རྒྱག་པའི་སློབ་ཆེན་སློབ་མའི་གཞུང་ལམ་ལྕགས་རྟ་རྒྱུག་འགྲན་སྐབས་བཅུ་གཉིས་པ་མི་འགྱངས་པར་འགོ་རྩོམ་རྒྱུ་ཡིན་པ་དང་།  ལྕགས་རྟ་རྒྱུག་འགྲན་ལ་དགའ་མོས་ཡོད་པའི་རྒྱལ་ཡོངས་སློབ་ཆེན་སློབ་མར་རང་གི་སྟོབས་ཤུགས་ངོམ་ས་དང་རང་ཉིད་ལ་འགྲན་རྩོད་བྱེད་པའི་སྟེགས་བུ་འདོན་སྤྲོད་བྱེད་རྒྱུ་རེད།

ཐེངས་འདིའི་རྒྱུག་འགྲན་དེ་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་རྒྱུག་འགྲན་རྩ་འཛུགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་།  མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ།   མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་བཅས་ཀྱིས་གཙོ་སྒྲུབ་བྱས་པ་ཡིན།   ལྕགས་རྟ་རྒྱུག་འགྲན་དེ་ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར་མཚོ་བྱང་ཁུལ་མདའ་བཞི་རྫོང་ནས་སྤེལ་རྒྱུ་ཡིན་ལ།   ཞི་ཨན་འགྲིམ་འགྲུལ་སློབ་ཆེན་དང་ཅང་ཧན་སློབ་ཆེན།   སི་ཁྲོན་ཞིང་ལས་སློབ་ཆེན།  ཀོང་ཞི་སློབ་ཆེན།   མཚོ་སྔོན་སློབ་ཆེན།   མཚོ་སྔོན་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་སོགས་མཐོ་རིམ་སློབ་གྲྭ་བཅོ་ལྔའི་ལུས་རྩལ་པ་བརྒྱ་ལྷག་རྒྱུག་འགྲན་ལ་ཞུགས་ཡོད།  རྒྱུས་ལོན་བྱུང་བ་ལྟར་ན།   ད་ལོར་མཚོ་སྔོན་གྱི་ལྕགས་རྟའི་རུ་ཁག་གཉིས་ཐེངས་འདིའི་རྒྱུག་འགྲན་ཁྲོད་ཞུགས་ཡོད་པ་དང་།  དེའི་ཁྲོད་མཚོ་སྔོན་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་གི་ལྕགས་རྟའི་རུ་ཁག་དེའི་སྔོན་བསྟུན་མར་ལོ་དྲུག་ལ་མཚོ་སྔོན་པོར་སྐོར་བ་རྒྱག་པའི་སློབ་ཆེན་སློབ་མའི་གཞུང་ལམ་ལྕགས་རྟ་རྒྱུག་འགྲན་ཁྲོད་ཞུགས་མྱོང་བ་དང་།   མཚོ་སྔོན་སློབ་ཆེན་གྱི་ལྕགས་རྟའི་རུ་ཁག་ལོ་དགུའི་རྗེས་སུ་ཡང་བསྐྱར་མཚོ་སྔོན་པོར་སྐོར་བ་རྒྱག་པའི་སློབ་ཆེན་སློབ་མའི་གཞུང་ལམ་ལྕགས་རྟ་རྒྱུག་འགྲན་ཁྲོད་ཞུགས་པ་ཡིན་ལ།  སྔོན་ཆད་རྒྱུག་འགྲན་དེའི་ཁྲོད་གྲུབ་འབྲས་བཟང་བོ་བླངས་མྱོང་།

རྒྱུས་ལོན་བྱུང་བ་ལྟར་ན།   ཉིས་སྟོང་བཅུ་གཅིག་ལོར་མཚོ་སྔོན་པོར་སྐོར་བ་རྒྱག་པའི་སློབ་ཆེན་སློབ་མའི་གཞུང་ལམ་ལྕགས་རྟ་རྒྱུག་འགྲན་འགོ་བརྩམས་པའི་ཚུན་ནས་ད་ལྟའི་བར་སྐབས་བཅུ་གཅིག་ལ་སྤེལ་བ་དང་།   དེས་སློབ་ཆེན་སློབ་མ་དག་ལ་འགྲན་རྩོད་དང་བརྗེ་རེས་ཀྱི་སྟེགས་བུ་འདོན་སྤྲོད་བྱས་ཡོད་པར་མ་ཟད།   ལྕགས་རྟའི་ལུས་རྩལ་འཕེལ་རྒྱས་ཐད་གོ་སྐབས་གསར་པ་འཚོལ་ཞིབ་བྱེད་པ་དང་ལྕགས་རྟའི་ལུས་རྩལ་ཁྱབ་གདལ་དུ་གཏོང་བར་དོན་སྙིང་གལ་ཆེན་ལྡན།

                                                                                                                  ལྷ་མོ་ཚེ་རིང་གིས་བསྒྱུར།