མཚོ་སྔོན་ཞིང་ཆེན་གྱིས་བརྒྱད་པའི་བཅོ་ལྔའི་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོའི་བརྗོད་དོན་བྱ་འགུལ་ཐོག་མ་སྤེལ།
2023.08.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན།   ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཆུ་དྭངས་རི་ལྗང་གསེར་དངུལ་རི་ལས་ལྷག་ཅེས་པ་བརྗོད་དོན་དུ་བྱས་ཏེ་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་།   རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་དང་གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་མཉམ་དུ་བརྒྱད་པའི་བཅོ་ལྔའི་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོའི་མཚོ་སྔོན་ཞིང་ཆེན་གྱི་དྲིལ་སྒྲོག་བྱ་འགུལ་ཐོག་མ་སྤེལ་བ་དང་།  དེ་ཞིང་ཆེན་གོང་འོག་ཡོངས་ཀྱིས་ཆུ་དྭངས་རི་ལྗང་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོར་འཛུགས་པར་ཁྲིད་སྟོན་བྱེད་པ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་མཉམ་དུ་ཞུགས་པའི་སྣང་ཚུལ་བཟང་བོ་བསྐྲུན་པ།   དམངས་ཡོངས་ཟབ་ཞུགས་དང་འགུལ་སྐྱོད་ཀྱི་མ་ལག་འཛུགས་པ།   སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་སྟོབས་ལྡན་མཉམ་ཤུགས་གཅིག་བསྡུས་བྱེད་པ་སོགས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན།

བྱ་འགུལ་སྤེལ་ཡུལ་དུ།  ན་གཞོན་འཕྲལ་རྒོལ་རུ་ཁག་ལ་དར་ཆ་སྟེར་བའི་མཛད་སྒོ་སྤེལ་བ་དང་མཚོ་སྔོན་ཤེས་རྟོགས་དང་མཚོ་སྔོན་ལ་དགའ་བ། མཚོ་སྔོན་དར་སྤེལ་གཏོང་བ་ཞེས་པའི་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གཞུང་ལུགས་མཉམ་སློབ་ཀྱི་བརྗེ་རེས་བྱ་འགུལ་སྤེལ།

པར་རིས་འགྲེམ་པང་གི་རྣམ་པ་བརྒྱུད་དེ་རང་ཞིང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་ལག་ལེན་གྱི་མཐོ་ས་གསར་པ་བསྐྲུན་རྒྱུ་སྣེ་ཁྲིད་དུ་བྱས་ཏེ་སྐྱེ་ཁམས་ཀྱི་བདེ་འཇགས་འགོག་ར་དང་ལྗང་མདོག་འཕེལ་རྒྱས།   རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན།  མི་དང་རང་བྱུང་གི་ཚེ་སྲོག་ཐུན་མོང་ཚོགས་པ།   སྐྱེ་ཁམས་དཔལ་ཡོན་ལམ་ལུགས་གསར་སྐྲུན།   རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ས།  བྱེ་མ། འཁྱགས་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་།  སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་སོགས་མཐོ་ས་གསར་པ་བདུན་གསར་སྐྲུན་བྱས་པའི་ཐད་ཀྱི་ལག་ལེན་དང་གྲུབ་འབྲས་དྲིལ་སྒྲོག་དང་འགྲེམ་སྟོན་བྱས།   དེ་དང་མཉམ་དུ།   རྒྱུ་ཆ་དང་བརྙན་རིས་སོགས་ཀྱི་རྣམ་པ་བརྒྱུད་དེ་སྐྱེ་ཁམས་དཔལ་ཡོན་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་དྲིལ་སྒྲོག་བྱས་པ་དང་།   རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་དང་རྨ་ཆུ་སྲུང་སྐྱོབ་བཅའ་ཁྲིམས།  འབྲི་ཆུ་སྲུང་སྐྱོབ་བཅའ་ཁྲིམས་སོགས་བཅའ་ཁྲིམས་ཁྲིམས་སྲོལ་སློབ་སྦྱོང་དང་ལག་བསྟར་བྱེད་པར་ཁྲིད་སྟོན་བྱས།

དེ་མིན།  ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་སུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་།   མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་བཅས་ཀྱི་བརྗོད་དོན་དྲིལ་སྒྲོག་བྱ་འགུལ་སྤེལ་བ་དང་།   རིག་རྩལ་འཁྲབ་སྟོན་དང་བརྙན་རིས་སོགས་བརྒྱུད་དེ་སོ་སོར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོབ་དང་འཛུགས་སྐྲུན་གྲུབ་འབྲས་དང་།   མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་གྱི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་པར་མ་ཟད།  རང་ཞིང་གིས་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་མ་ལག་འཛུགས་སྐྲུན་ཐད་བླངས་པའི་གྲུབ་འབྲས་བཟང་བོ་མངོན་པར་བྱས་ཏེ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་གསར་པ་གྲུབ་པར་བྱས་ནས་སྤྱི་ཚོགས་ཀྱི་སྣང་ཚུལ་བཟང་བོ་བསྐྲུན་པར་སྐུལ་འདེད་བཏང་།

                                                                                                 ལྷ་མོ་ཚེ་རིང་གིས་བསྒྱུར།