མཚོ་སྔོན་མགོ་ལོག་ཤེས་ལྡན་མི་སྣའི་གླེང་སྟེགས་སྐབས་དང་པོ་རྨ་ཆེན་རྫོང་དུ་བསྡུས།
2023.08.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཤེས་ལྡན་མི་སྣའི་གླེང་སྟེགས་སྐབས་དང་པོ་རྨ་ཆེན་རྫོང་དུ་བསྡུས།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གླེང་སྟེགས་ཀྱི་དམིགས་འབེན་ནི་ལས་གཞི་མཉམ་ལས་དང་ཤེས་ལྡན་མི་སྣའི་སྦྲེལ་མཐུད། བརྗེ་རེས་རྩོད་སྒྲུབ་བཅས་གཞི་གཅིག་ཅན་གྱི་ཤེས་ལྡན་མི་སྣའི་བྱ་བའི་སྟེགས་བུ་འཛུགས་པ་བརྒྱུད་དེ། ཞིང་ཆེན་ཕྱི་ནང་གི་ཁྱབ་ཁོངས་སོ་སོའི་ཆེད་མཁས་པ་དང་ཤེས་ལྡན་མི་སྣ་གདན་ཞུ་བྱས་ནས་མགོ་ལོག་ཏུ་འགྲོ་བ་དང་མགོ་ལོག་ལ་རྒྱུས་ལོན་བྱེད་པ། མགོ་ལོག་ལ་རོགས་འདེགས་བྱས་ཏེ། མགོ་ལོག་གི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་ཆེད་བློ་འདོན་ཇུས་འབུལ་བྱེད་པ་དང་སྟོབས་ཤུགས་འབུལ་རྒྱུ་དེ་རེད།

གླེང་སྟེགས་དེ་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན་ནས་ཚེས་བཅུ་དྲུག་ཉིན་བར་གླེང་སྟེགས་གཙོ་བོ་གཅིག་དང་ཡན་ལག་གླེང་སྟེགས་གཅིག བགྲོ་གླེང་ཚོགས་འདུ་བཞི་ཡི་རྣམ་པ་སྤྱད་དེ། རྨ་ཆེན་དང་རྨ་སྟོད་གཉིས་ནས་བསྡུས།

གླེང་སྟེགས་གཙོ་བོས་གཙོ་བོར་ཀྲུང་གོ་ཚན་རིག་སློབ་གླིང་དང་ཀྲུང་གོ་བཟོ་སྐྲུན་གླིང་གཉིས་ཀྱི་ཡོན་ཧྲི་དང་། ཞིང་ཆེན་ཕྱི་ནང་གི་མིང་དུ་གྲགས་པའི་ཆེད་མཁས་པ་དང་རིག་གནས་པ། ལས་རིགས་ཀྱི་སྣེ་ཁྲིད་མི་སྣ། རིམ་པ་མཐོ་བའི་ཆེད་མཁས་པ་དང་ཤེས་ལྡན་མི་སྣ། ལས་གཞི་གཙོ་བོའི་གྲོས་འགོད་འཐུས་ཚབ་སོགས་སྐོར་ཞིག་གདན་ཞུ་བྱས་ནས། མགོ་ལོག་ཁུལ་གྱི་སྲིད་གཞུང་ཡོད་སའི་ས་ཆར་བརྙན་རིས་ཀྱི་ལམ་ནས་ཤིས་ཚིག་ཕུལ་བ་དང་གླེང་སྟེགས་བརྗེ་རེས་དང་ལས་གཞི་གཙོ་བོའི་གྲོས་མཐུན་བཀོད། རྨ་སྟོད་རྫོང་དུ་ཀྲུང་ཧྭའི་མ་ཡུམ་ཆུ་བོ་དང་ནམ་མཁའི་རྨ་ཆུའི་འགོ་ཁུངས་ཀྱི་ཡན་ལག་གླེང་སྟེགས་བསྡུས་པ་དང་། ཚོགས་ཞུགས་སྐུ་མགྲོན་གདན་ཞུ་བྱས་ནས་རྨ་ཆུའི་རིག་གནས་དང་རྨ་ཆུའི་ཆུའི་འགོ་ཁུངས་བེད་སྤྱོད། རྨ་ཆུའི་ཆུའི་འགོ་ཁུངས་ཀྱི་སྐྱེ་ཁམས་གནས་སྐོར་། སྐྱེ་ཁམས་མྱོང་ཚོར་སོགས་ནང་དོན་ལ་དམིགས་ཏེ་བགྲོ་གླེང་བརྗེ་རེས་བྱས། བགྲོ་གླེང་ཚོགས་འདུ་ཐེངས་བཞི་བོས་གཙོ་བོར་མགོ་ལོག་ཁུལ་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་པ་དང་། མཐོ་སྒང་གི་གསོ་རིག་ཞིབ་འཇུག་དང་མགོ་ལོག་དང་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་མགོ་ལོག་ལམ་བུ། མཚོ་བོད་མཐོ་སྒང་གི་ཚན་རིག་ཞིབ་དཔྱད་དང་མགོ་ལོག རིག་གནས་གནས་སྐོར་མཉམ་བསྲེས་འཕེལ་རྒྱས་ཀྱི་མགོ་ལོག་གི་མདུན་ལྗོངས་ལ་དམིགས་ནས་བགྲོ་གླེང་བརྗེ་རེས་བྱས།

མགོ་ལོག་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་འགོ་གཙོ་ཡའེ་ཝན་པེན་གྱིས་ཤིས་ཚིག་ནང་བསྟན་དོན། མགོ་ལོག་ནི་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་ཁྲོད་ཀྱི་འཕེལ་རྒྱས་ཀྱི་རྨང་གཞི་ཆེས་ཞན་པའི་ས་ཁུལ་ཡིན་ལ། འགྲན་རྩོད་ཆེ་བའི་འཕེལ་རྒྱས་ཀྱི་གནས་བབ་ལ་ཁ་ཕྱོགས་ནས། ང་ཚོའི་ཤེས་ལྡན་མི་སྣའི་དགོས་མཁོ་ས་ཁུལ་གཞན་ལས་ཆེ་བ་དང་། ཁུལ་ནང་ཁུལ་གྱི་འཕེལ་རྒྱས་ཀྱི་སྦས་ཤུགས་ཆེན་པོར་ཁ་ཕྱོགས་ཏེ། ང་ཚོའི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་རེ་འདུན་ས་ཁུལ་གཞན་ལས་ཆེ་བས། ཆེད་མཁས་པ་དང་ཤེས་ལྡན་མི་སྣ་ཚོས་མིག་སྔར་གྱི་ཁྱབ་ཁོབས་སོ་སོའི་མདུན་གྲས་ཀྱི་འདུ་ཤེས་དང་ཚན་རིག་གི་འཚོལ་ཞིབ། ཕན་ཡོད་ཀྱི་ཉམས་མྱོང་མགོ་ལོག་ཏུ་ཁྱེར་བ་དང་མགོ་ལོག་ཏུ་བསྐྱུར་ནས། ང་ཚོས་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ་དང་མཉམ་ལས་རྒྱ་སྐྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རོགས་རམ་བྱེད་རྒྱུའི་རེ་བ་བཅངས་ཡོད།

རིན་ཆེན་མཚོས་བསྒྱུར།