ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་། མཚོ་སྔོན་ཞིང་ཆེན་ཏང་ཨུ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི2023ལོའི་རིག་གནས་ཚན་རྩལ་དང་འཕྲོད་བསྟེན་གསུམ་གཞི་རིམ་དུ་བསྐྱོད་པའི་གཅིག་བསྡུས་དཔེ་སྟོན་བྱ་འགུལ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ནས་སྤེལ་འགོ་བརྩམས།
2023ལོའི་རིག་གནས་ཚན་རྩལ་དང་འཕྲོད་བསྟེན་གསུམ་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྣེ་ཁྲིད་བྱས་ལ། ཞིང་ལས་ཕྱོགས་ཡོངས་རིམ་སྤོར་བྱེད་པ་དང་ཞིང་སྡེ་ཕྱོགས་ཡོངས་ནས་ཡར་ཐོན་བྱེད་པ། ཞིང་བ་ཕྱོགས་ཡོངས་ནས་གོང་འཕེལ་དུ་གཏོང་བར་དམིགས་ནས། ཏང་གི་གསར་གཏོད་གཞུང་ལུགས་དྲིལ་སྒྲོག་བྱས་པ་དང་། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ཇེ་ཟབ་ཏུ་བཏང་ལ། ཞིང་སྡེའི་རིག་གནས་མཁོ་འདོན་ལ་ཤུགས་བསྣན་པ་དང་། མང་ཚོགས་ཀྱི་དགོས་མཁོ་ཐད་ཞབས་འདེགས་སྔར་ལས་བཟང་བོ་ཞུས་ལ། ཞིང་སྡེའི་རྣམ་པ་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་སྟེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་ཀྱི་བསམ་པའི་རྣམ་པར་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་རྒྱུད་རིམ་ཁྲོད་ཞུགས་པར་སྐུལ་སློང་བཏང་།
ཉིན་དེའི་གཞི་རིམ་དུ་བསྐྱོད་པ་གསུམ་གྱི་གཅིག་བསྡུས་དཔེ་སྟོན་བྱ་འགུལ་ཁྲོད། དྲིལ་སྒྲོག་དང་རིག་གནས། ཚན་རྩལ། འཕྲོད་བསྟེན། སློབ་གསོ། ཞིང་ལས། ཁྲིམས་འཛིན་སོགས་སྡེ་ཁག་བཅུ་ཁ་ལྷག་གི་ཆེད་མཁས་པ་དང་དང་བླངས་པས། རྐང་ཚ་རྫོང་གི་ལས་བཟོ་བའི་རིག་གནས་བྱ་འགུལ་ཐང་ཆེན་ཡུལ་དངོས་ནས་སྲིད་ཇུས་སྒྲོག་འགྲེལ་དང་ལག་རྩལ་བློ་འདྲི། འོས་འགན་སྨན་བཅོས་སོགས་རིགས་མི་འདྲ་བའི་ཞབས་ཞུ་འདོན་སྤྲོད་བྱས་པ་དང་། རིག་གནས་སྒྱུ་རྩལ་བྱ་བ་སྒྲུབ་མཁན་ཚོས་ད་དུང་མང་ཚོགས་ལ་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པ་དང་ཕུན་སུམ་ཚོགས་པའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས། ཆེད་མཁས་པ་དང་དང་བླངས་པ་ད་དུང་སྡེ་བ་དང་ཁྱིམ་ཚང་དུ་སོང་ནས། ཞིང་ལས་ལག་རྩལ་དང་བདེ་ཐང་། བཅའ་ཁྲིམས། དུག་འགོག་སོགས་ཕྱོགས་ཀྱི་ཤེས་བྱ་ཤིང་ཁ་དང་ཞིང་བའི་གམ་དུ་སྐྱེལ།
ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་གིས་རྐང་ཚ་རྫོང་ལ་གཞི་རིམ་རིག་གནས་འཛུགས་སྐྲུན་གྱི་མ་དངུལ་སྒོར་ས་ཡ་གཉིས་བྱིན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་གིས་ལས་གཞི་དང་མ་དངུལ། དངོས་ཟོག་བཅས་བསྡོམས་པས་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བདུན་དང་ས་ཡ་བརྒྱད་བྱིན།
རིན་ཆེན་མཚོས་བསྒྱུར།