ནུབ་རྒྱུད་ས་ཁུལ་གྱི་རྩི་ཤིང་ཚན་རིག་དང་ཐོན་ཁུངས་བཀོལ་སྤྱོད་ཚོགས་ཆེན་སྐབས་བཅུ་གཉིས་པ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་བསྡུས།
2023.08.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་བརྒྱད་པའི་ཚེས་བཅུ་བཞི་ཉིན།   ནུབ་རྒྱུད་ས་ཁུལ་གྱི་རྩི་ཤིང་ཚན་རིག་དང་ཐོན་ཁུངས་བཀོལ་སྤྱོད་ཚོགས་ཆེན་སྐབས་བཅུ་གཉིས་པ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་བསྡུས་པ་དང་།   རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ཉི་ཤུ་ལྷག་གི་ཚན་རིག་ཞིབ་འཇུག་སྡེ་ཁག་དང་མཐོ་རིམ་སློབ་གྲྭའི་ཆེད་ལས་མཁས་པ་ཉིས་བརྒྱ་ཙམ་ཚོགས་འདུར་ཞུགས།

ཐེངས་འདིའི་ཚོགས་ཆེན་གྱི་ཚོགས་ཡུན་ཉིན་གཉིས་ཡིན་པ་དང་།   བརྗོད་དོན་ནི་ནུབ་རྒྱུད་རྩི་ཤིང་རིག་པས་རྒྱལ་ཁབ་སྤྱི་གླིང་དང་རྒྱལ་ཁབ་རྩི་ཤིང་གླིང་འཛུགས་སྐྲུན་ལ་རོགས་འདེགས་བྱེད་ཅེས་པ་དེ་ཡིན།   ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར། ཀྲུང་གོ་ཚན་རིག་གླིང་ཁུན་མིན་རྩི་ཤིང་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་སུན་ཧང་།   པེ་ཅིང་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཧི་ཅིན་ཧྲིན།  ཀྲུང་གོ་ཚན་རིག་གླིང་རྩི་ཤིང་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་དབྱང་ཡོན་ཧི་སོགས་ཀྱིས་སོ་སོར་རང་ཡུལ་གྱི་རྩི་ཤིང་ཐོན་ཁུངས་སྔོག་འདོན་དང་རྩྭ་སའི་རང་བྱུང་ཐོན་ཁུངས་སླར་གསོ་དང་མིས་བཟོས་རིག་ནུས་དུས་སྐབས་ཀྱི་རྩི་ཤིང་གླིང་གི་གཞི་གྲངས་ཅན་གྱི་ཚུལ་སྒྱུར་བསམ་གཞིགས་སོགས་རྩི་ཤིང་ཚན་རིག་དང་ཐོན་ཁུངས་གསར་སྤེལ་བཀོལ་སྤྱོད་ཀྱི་འབྲེལ་ཡོད་གནད་དོན་རབ་དང་རིམ་པར་དམིགས་ནས་ཆེད་དམིགས་སྙན་ཞུ་ཕུལ།

ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར།    རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ནགས་རྩྭ་བརྟག་དཔྱད་འཆར་འགོད་ཁང་དང་ཀྲུང་གོ་ཚན་རིག་གླིང་ཀོང་ཞི་རྩི་ཤིང་ཞིབ་འཇུག་ཁང་།   ཀྲུང་གོ་ཚན་རིག་གླིང་ཁུན་མིན་རྩི་ཤིང་ཞིབ་འཇུག་ཁང་།   ཝུའུ་ལུའུ་མུའུ་ཆི་རྩི་ཤིང་གླིང་།   ཧྲའན་ཞི་རྩི་ཤིང་ཞིབ་འཇུག་ཁང་སོགས་ལས་ཁུངས་ཀྱི་ཆེད་མཁས་པས་རྩི་ཤིང་ཚན་རིག་དང་རྩི་ཤིང་ཐོན་ཁུངས་བཀོལ་སྤྱོད་དང་གསར་སྤེལ་སོགས་ཐད་དམིགས་ནས་ཚང་མར་སྙན་ཞུ་ཕུལ།   ཚེས་བཅུ་བཞི་ཉིན་གྱི་དགོང་མོར་ཞིབ་འཇུག་སློབ་མའི་གླེང་སྟེགས་སྤེལ་བ་དང་།   སི་ཁྲོན་ཞིང་ཆེན་ནགས་ལས་སློབ་ཆེན་དང་ཀྲུང་གོ་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་།   ཞིན་ཅང་སློབ་ཆེན།   ཉིང་ཞ་སློབ་ཆེན།   མཚོ་སྔོན་སློབ་ཆེན་སོགས་ཞིབ་འཇུག་ཁང་དང་མཐོ་རིམ་སློབ་གྲྭ་བཅུ་ཡས་མས་ཀྱི་ཞིབ་འཇུག་སློབ་མས་ཚང་མར་སྙན་ཞུ་ཕུལ།  དེར་མ་ཟད།  ཚེས་བཅོ་ལྔ་ཉིན་ད་རུང་ན་གཞོན་མཁས་པ་བཅུ་བཞིས་རིག་གཞུང་བརྗེ་རེས་ཀྱི་སྙན་ཞུ་ཕུལ།

ཐེངས་འདིའི་ཚོགས་ཆེན་ནུབ་རྒྱུད་རྩི་ཤིང་སློབ་ཚོགས་མཉམ་སྒྲུབ་ཚན་ཆུང་དང་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས།  མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་དང་།   མཚོ་སྔོན་ཞིང་ཆེན་རྩི་ཤིང་སློབ་ཚོགས་དང་ཀྲུང་གོ་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་གཉིས་ཀྱིས་འགན་སྒྲུབ་བྱས་པ་ཡིན་ལ།  མཚོ་སྔོན་ཞིང་ཆེན་ཐོན་སྐྱེད་ནུས་ཤུགས་སྐུལ་འདེད་ལྟེ་གནས་ཀྱིས་རོགས་སྒྲུབ་བྱས་པ་ཡིན།

                                                                                     ལྷ་མོ་ཚེ་རིང་གིས་བསྒྱུར།