མཚོ་སྔོན་ཞིང་ཆེན་གྱི་སྨན་པ་ཁྲི་གཅིག་དང་སྟོང་དགུས་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱས།
2023.08.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་བརྒྱད་པའི་ཚེས་བཅུ་དགུ་ཉིན་ནི་ཀྲུང་གོའི་སྨན་པའི་དུས་ཆེན་ཐེངས་དྲུག་པ་ཡིན་ལ།   ད་ལོའི་བརྗོད་དོན་ནི་བདེ་ཐང་འགན་འཁྲི་ཁག་ཁུར་བཟང་བོ་བྱས་ཏེ་དུས་རབས་ཀྱི་བྱས་རྗེས་གསར་བ་བསྐྲུན་ཞེས་པ་དེ་རེད།   ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་གོའི་སྨན་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་རྒྱུས་ལོན་བྱུང་བ་ལྟར་ན།   ཞིང་ཆེན་ཡོངས་ཀྱི་སྨན་པ་ཁྲི་གཅིག་དང་སྟོང་དགུ་ཡིས་འགུལ་སྐྱོད་དངོས་ལ་བརྟེན་ནས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་བླང་བྱ་གལ་ཆེན་ལག་བསྟར་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱེད་བཞིན་ཡོད།

ཉེ་བའི་ལོ་འགའི་རིང་ལ།   མཚོ་སྔོན་ཞིང་ཆེན་གྱིས་འཕྲོད་བསྟེན་ཆེན་པོ་དང་བདེ་ཐང་ཆེན་པོའི་འདུ་ཤེས་བརྟན་པོར་བཙུགས་ཏེ་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་གཙོར་བཟུང་བ་དང་འཕྲོད་བསྟེན་བདེ་ཐང་ལས་དོན་ཐད་ཀྱི་དངུལ་གཏོང་རྒྱུན་ཆད་མེད་པར་ཆེ་རུ་བཏང་ལ།    སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་བཅོས་སྒྱུར་ལ་སྐུལ་འདེད་ནན་མོ་བཏང་བར་མ་ཟད།  ལས་གཉེར་ཁོར་ཡུག་ལེགས་བཅོས་དང་ཐོབ་ཐང་འགན་སྲུང་མཐོར་འདེགས།   སྨན་པར་བཀུར་བ་དང་འཕྲོད་བསྟེན་ལ་མཐོང་ཆེན་བྱེད་པའི་སྣང་ཚུལ་བཟང་བོ་བསྐྲུན་པ་སོགས་ཀྱི་ཐད་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་བཏོན་ཏེ་སྨན་པའི་དཔུང་སྡེའི་བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་མི་དམངས་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་ཚོར་མཐོར་འདེགས་བཏང་།

ཉིན་དེའི་སྨན་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་།  མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་གི་སྨན་པ་གྲགས་ཅན་ལིས་ཝུན་ཆིན་གྱི་ལས་དོན་ཁང་སོགས་མཚོ་སྔོན་ཞིང་ཆེན་གྱི་སྐོར་དྲུག་པའི་སྨན་པ་གྲགས་ཅན་གྱི་ལས་དོན་ཁང་བཅུ་གཅིག་ལ་སྒོ་བྱང་བཀལ།  དེ་མིན་མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོ་དང་རིགས་སོ་སོའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་འདེམས་སྒྲུག་བྱས་པའི་སུན་པེན་སོགས་ཉིས་སྟོང་ཉེར་གསུམ་ལོའི་མཚོ་སྔོན་ཞིང་ཆེན་གྱི་ཆེས་མཛེས་པའི་སྨན་བཅོས་བྱ་བ་སྒྲུབ་མཁན་བརྒྱ་དང་ཞེ་དགུ་ལ་གཟེངས་བསྟོད་བྱས།

                                                                                            ལྷ་མོ་ཚེ་རིང་གིས་བསྒྱུར།