རྒྱལ་ཁབ་སྤྱི་གླིང་གི་གླེང་སྟེགས་སྐབས་གཉིས་པ་ཟླ་བརྒྱད་པའི་ཚེས་བཅུ་དགུ་ཉིན་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནས་བསྡུ་འགོ་རྩོམ་རྒྱུ་རེད།
རྒྱལ་ཁབ་སྤྱི་གླིང་གི་གླེང་སྟེགས་སྐབས་གཉིས་པས་རྒྱལ་ཁབ་སྤྱི་གླིང་སྟེ་བྱ་དངོས་ཡོད་ཚད་འཆམ་མཐུན་མཉམ་གནས་བྱེད་སའི་མཛེས་པའི་ཁྱིམ་གཞིས་ཞེས་པ་བརྗོད་དོན་དུ་བྱས་ཏེ་རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཡུལ་དུ་བྱ་རྒྱུ་རེད། ཐེངས་འདིའི་གླེང་སྟེགས་དེ་འགོ་རྩོམ་མཛད་སྒོ་དང་གླེང་སྟེགས་གཙོ་བོ། བརྗོད་དོན་གླེང་སྟེགས་གསུམ། རྒྱལ་ཁབ་སྤྱི་གླིང་གི་བརྗོད་དོན་འགྲེམ་སྟོན་བཅས་ཀྱིས་གྲུབ་ཡོད། དེའི་ནང་། གླེང་སྟེགས་གཙོ་བོར་རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པ་གདན་ཞུས་ནས་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་བཙུགས་ཏེ་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བ་དང་རང་རྒྱལ་གྱི་རྒྱ་མཚོའི་སྐྱེ་ཁམས་ཀྱི་ཁྱད་ཆོས་དང་སྲུང་སྐྱོབ། ཀྲུང་གོའི་སྐྱེ་ཁམས་མ་ལག་གི་དྲ་སྦྲེལ་ལྟ་ཞིབ་ཚད་ལེན་ཞིབ་འཇུག་མ་ལག་གི་ད་ལྟའི་གནས་བབ་དང་སྔོན་དཔག་ཅེས་པ་སོགས་ལ་དམིགས་ནས་གཏམ་བཤད་རྒྱུ་རེད།
མིག་སྔའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་དོ་དམ་གྱི་དོན་དངོས་དང་མཐུན་པར་བྱེད་པ་དང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སྔར་ལས་ལག་བསྟར་དོན་འཁྱོལ་བྱེད་ཆེད། ཐེངས་འདིའི་གླེང་སྟེགས་ཀྱིས་ཟླ་བརྒྱད་པའི་ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོར་ད་རུང་བརྗོད་དོན་གླེང་སྟེགས་གསུམ་སྤེལ་རྒྱུ་ཡིན་པ་དང་། གླེང་སྟེགས་ལ་ཞུགས་པའི་རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པ་རྣམས་ཀྱིས་ཁྱད་ལྡན་དངོས་རིགས་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ། གནམ་སའི་ལྟ་ཞིབ་ཚད་ལེན་དང་ལག་རྩལ་གསར་པའི་བཀོལ་སྤྱོད། དམངས་ཡོངས་མཉམ་སྤྱོད་དང་རིག་གནས་ཚོང་རྟགས་བསྐྲུན་པ་བཅས་བརྗོད་དོན་གསུམ་ལ་དམིགས་ཏེ་གཏམ་བཤད་རྒྱུ་རེད།
ལྷ་མོ་ཚེ་རིང་གིས་བསྒྱུར།