ཉིས་སྟོང་ཉེར་གསུམ་ལོའི་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་ལུགས་གསོ་རིག་གི་འགྲེམ་སྟོན་བརྗེ་རེས་ཚོགས་འདུ་ཡུས་ཧྲུའུ་ནས་བསྡུས།
2023.08.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ་བརྒྱད་པའི་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར།   ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་།  ཡུལ་ཧྲུའུ་ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུའུ་ཡིས་འགན་སྒྲུབ་བྱས་པའི་ཉིས་སྟོང་ཉེར་གསུམ་ལོའི་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་ལུགས་གསོ་རིག་གི་འགྲེམ་སྟོན་བརྗེ་རེས་ཚོགས་འདུ་ཡུས་ཧྲུའུ་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་དུ་བསྡུས།

ཡུས་ཧྲུའུ་ཡི་དབྱར་རྩྭ་དགུན་འབུར་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་མིང་གྲགས་ཆེ་བ་དང་། དེ་ནི་མདོ་དབུས་མཐོ་སྒང་གི་ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས་ཤིག་ཡིན།  ཡུས་ཧྲུའུ་རུ་བོད་ལུགས་གསོ་རིག་གི་ཐོན་ཁུངས་ཕུན་སུམ་ཚོགས་ཏེ་སྲོག་ཆགས་དང་རྩི་ཤིང་གི་སྨན་སྣ་དགུ་བརྒྱ་བཅུ་གསུམ་ཡོད་ལ།   རྒྱལ་ཡོངས་དབྱར་རྩྭ་དགུན་འབུའི་ཐོན་ཁུལ་གཙོ་བོ་ཞིག་ཡིན་པར་མ་ཟད།   ཁྱད་དུ་འཕགས་པའི་བོད་སྨན་ཐོན་ལས་ཀྱི་རང་བྱུང་ཆ་རྐྱེན་ལྡན།  ཐེངས་འདིའི་འགྲེམ་སྟོན་བརྗེ་རེས་ཚོགས་འདུས་ཁྱད་ལྡན་དང་སྐྱེ་ལྡན། གསར་གཏོད།   འཕེལ་རྒྱས་བཅས་བརྗོད་དོན་དུ་བྱས་ཡོད་པ་དང་།   འགྲེམ་སྟོན་བརྗེ་རེས་ཚོགས་འདུའི་སྟེགས་བུར་བརྟེན་ནས་ཕྱོགས་མང་པོ་དང་ཟུར་མང་པོ།  ཁྱབ་ཁོངས་མང་པོ་ནས་ཡུས་ཧྲུའུ་ཡི་སྐྱེ་ཁམས་ཐོན་ལས་དང་སྐྱེ་ཁམས་རིན་ཐང་།   སྐྱེ་ཁམས་སྦས་ཤུགས་མངོན་པར་བྱེད་པ་དང་།    སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་འཕེལ་རྒྱས།   ལག་རྩལ་བརྗེ་རེས།  ལས་གཞི་མཉམ་ལས་ཀྱི་བསམ་ཕྱོགས་གསར་པ་དང་བྱེད་ཐབས་གསར་པ་མཉམ་དུ་འཚོལ་ཞིབ་བྱེད་པ།   སྐྱེ་ཁམས་ཐོན་ལས་ཅན་དང་ཐོན་ལས་སྐྱེ་ཁམས་ཅན་གྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་བཅས་དམིགས་ཡུལ་དུ་བཟུང་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན།   ཐེངས་འདིའི་འགྲེམ་སྟོན་བརྗེ་རེས་ཚོགས་འདུས་ད་རུང་བོད་ཀྱི་རིག་གནས་དང་མི་རིགས་ཀྱི་མཁོ་ཆས་དང་ཁྱད་ལྡན་ཐོན་ལས།   ཕྱིའི་ལག་བཟོས་ཐོན་རྫས། རང་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་སོགས་ཀྱི་འགྲེམ་ཁུལ་བཀོད་སྒྲིག་བྱས་ཡོད།  ཐེངས་འདིའི་བྱ་འགུལ་བརྒྱུད་དེ།   ཁེ་ལས་སོ་སོས་བརྗེ་རེས་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་ཞིབ་བསྡུར་གཏིང་ཟབ་ཏུ་བྱེད་པ།  དངོས་གཉེར་མཉམ་ལས་བཅས་བྱས་ཏེ་དབྱར་རྩྭ་དགུན་འབུ་དང་བོད་ལུགས་གསོ་རིག་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་བཏང་།

                                                                                             ལྷ་མོ་ཚེ་རིང་གིས་བསྒྱུར།