སྐོར་ཁག་དང་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་རུ་ཁག་བདུན་དང་མི་ལྔར་གཟེངས་བསྟོད་ཐོབ།
2023.08.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

ཟླ་བརྒྱད་པའི་ཚེས་བཅུ་དགུ་ཉིན། རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་གཉིས་པ་བསྡུ་བའི་འགོ་རྩོམ་མཛད་སྒོའི་སྟེང་། སྐོར་ཁག་དང་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་རུ་ཁག་བདུན་དང་མི་ལྔར་གཟེངས་བསྟོད་ཐོབ།

ཐེངས་འདིར་གཟེངས་བསྟོད་ཐོབ་པའི་རུ་ཁག་དང་མི་སྒེར་ཁྲོད། བྱང་ཤར་སྟག་གཟིག་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཏུང་ཉིན་ཅུའུ་ཡི་བུད་མེད་སྐོར་སྲུང་རུ་ཁག་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ། དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་དབྱིན་ཅིན་ལྟ་ཞིབ་སྐོར་སྲུང་རུ་ཁག བྱང་ཤར་སྟག་གཟིག་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཧུན་ཁྲུན་ཅུའུ། ཧའེ་ནན་ཞིང་ཆེན་ནགས་ལས་ཅུའུ་ཧའེ་ནན་ཚ་ཁུལ་ནགས་ཚལ་རྒྱལ་ཁབ་སྤྱི་གླིང་ཁྲུའུ། ཝུའུ་དབྱི་རི་བོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ། རྒྱལ་ཁབ་སྤྱི་གླིང་ཤེས་ཚོར་མ་ལག་འཛུགས་སྐྲུན་ཆེད་ལས་རུ་ཁག་བཅས་རྒྱལ་ཁབ་སྤྱི་གླིང་འཛགས་སྐྲུན་གྱི་ཕུལ་བྱུང་རུ་ཁག་བདུན་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་རྨ་ཆུའི་འགོ་ཁུངས་ར་བའི་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་རྨ་ཆུ་ཡུལ་ཚོ་སྐྱེ་ཁམས་དོ་སྲུང་ས་ཚིགས་རིམ་པ་བརྒྱད་པའི་དོ་སྲུང་བ་འཇམ་དབྱངས་རྡོ་རྗེ་དང་། རྒྱལ་ཁབ་ནགས་ཚལ་ཅུའུ་བྱང་ཤར་སྟག་གཟིག་ལྟ་ཞིབ་དང་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་ཆེན་མོ་གཞོན་པ་ཧྥིན་ལིས་མེན། ཧའེ་ནན་ཚ་ཁུལ་ནགས་ཚལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་པ་ཝང་ལེན་ཡན་ལག་ཅུའུ་མཐོ་རིམ་བཟོ་སྐྲུན་པ་ཆི་ཞུས་མེན་སོགས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་མི་སྒེར་ལྔ་བཅས་ལ་གཟེངས་བསྟོད་ཐོབ།

རྒྱུས་ལོན་བྱུང་བ་ལྟར་ན། 2021ལོའི་ཟླ་བཅུ་པའི་ནང་སྐོར་ཁག་དང་པོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་སྐྲུན་བྱས་པའི་ཚུན་དུ། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་ཞིང་ཆེན་གྱི་མི་དམངས་སྲིད་གཞུང་གིས་རོགས་འདེགས་དང་གཞོགས་འདེགས་དམ་ཟབ་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱས་ལ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དོ་དམ་བྱ་བ་བཟང་བོར་སྤེལ་བས། སྐོར་ཁག་དང་པོའི་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་མ་ལག་སྲུང་སྐྱོབ་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་པ་དང་། སྐྱེ་ཁམས་མ་ལག་གི་ཆ་ཚང་རང་བཞིན་ལ་སྲུང་སྐྱོབ་ཐོབ་ལ། དངོས་རིགས་གཙོ་བོའི་དངོས་ཚོགས་ཀྱི་གྲངས་ཀར་སླར་གསོ་བྱུང་།

རིན་ཆེན་མཚོས་བསྒྱུར།