མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་སྨན་པའི་དུས་ཆེན་གྱི་འཚམས་འདྲི་བྱ་འགུལ་སྤེལ།
2023.08.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན། ཀྲུང་གོའི་སྨན་པའི་དུས་ཆེན་ཐེངས་དྲུག་པ་ཐོན་ལ་ཉེ་བའི་སྐབས་སུ། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་འགན་ཁུར་མི་སྣ་མཚོ་སྔོན་ཞིང་ཆེན་མཐོ་སྒང་གསོ་རིག་ཚན་རིག་ཞིབ་འཇུག་ཁང་དུ་སོང་ནས་བདུན་གཅིག་གཟེངས་རྟགས་ཐོབ་མཁན་ཝུའུ་ཐེན་དབྱི་ལ་འཚམས་འདྲི་བྱས་པ་དང་། ཁོར་སྨན་པ་མཁས་ཆེན་བཅུའི་མཚན་མིང་ཐོབ་པར་རྟེན་འབྲེལ་ཞུས།

ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་འགན་ཁུར་མི་སྣས་ཡོན་ཧྲི་ཝུའུ་ཐེན་དབྱི་ཡིས་མཐོ་སྒང་གི་ནད་རིགས་འགོག་བཅོས་ཕྱོགས་ནས་བྱས་རྗེས་འབུར་དུ་ཐོན་པ་བཞག་པར་གུས་འདུད་ཞུས་པ་དང་། ཁོས་དུས་ཡུན་རིང་བོར་མཚོ་སྔོན་ནས་རྒྱ་ཆེའི་ལས་བཟོ་པ་དང་མང་ཚོགས་ལ་ཞབས་འདེགས་ཞུས་པར་བཀའ་དྲིན་ཞུས་ལ། ཁོས་ལུས་ཕུང་ལ་གཅེས་སྤྲས་བྱས་ནས། མུ་མཐུད་དུ་མཚོ་སྔོན་བཟོ་ཚོགས་ཀྱི་བྱ་བར་སེམས་ཁུར་དང་རྒྱབ་སྐྱོར་བྱེད་རྒྱུའི་རེ་བ་ཞུས། ཝུའུ་ཐེན་དབྱི་ཡིས་མཚོ་སྔོན་བཟོ་ཚོགས་ཀྱི་བྱ་བར་བསྔགས་བརྗོད་བྱས་པར་མ་ཟད་བསམ་འཆར་བཏོན་ནས། སྔར་བཞིན་དུ་མཚོ་སྔོན་བཟོ་ཚོགས་ཀྱི་བྱ་བར་རྒྱབ་སྐྱོར་བྱེད་པ་དང་། རང་སྟེང་གི་དགེ་མཚན་འདོན་སྤེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་པ་དང་མང་ཚོགས་ཀྱི་བདེ་ཐང་ཁེ་དབང་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཞེས་བསྟན།

དེའི་རྗེས། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་འགན་ཁུར་མི་སྣ་མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་དང་མཚོ་སྔོན་ཞིང་ཆེན་བུད་མེད་བྱིས་པའི་བདེ་སྲུང་སྨན་ཁང་དུ་སོང་ནས་སྨན་པར་འཚམས་འདྲི་བྱས་ནས། ཁོ་ཚོར་ཏང་དང་སྲིད་གཞུང་གི་སེམས་ཁུར་དང་བཟོ་ཚོགས་རྩ་འཛུགས་ཀྱི་དྲོད་ཁོལ་བསྐྱལ།

རིན་ཆེན་མཚོས་བསྒྱུར།