མཚོ་ནུབ་ཁུལ་གྱིས་ཐབས་མང་མཉམ་སྤྱོད་ཀྱིས་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་སྨན་བཅོས་ཁུར་བོ་ཇེ་ཡང་དུ་བཏང་།
2023.08.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ད་ལོར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ནད་བྱུང་ནས་དབུལ་བོར་གྱུར་པ་དང་ནད་བྱུང་ནས་ཕྱིར་དབུལ་བོར་གྱུར་པའི་གནད་དོན་ལ་དམ་དུ་དམིགས་ནས། སྨན་བཅོས་རོགས་སྐྱོར་སྲིད་ཇུས་ལག་བསྟར་ནན་མོ་བྱས་པ་དང་། དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་སྨན་རིན་གྱི་ཁུར་བོ་ཇེ་ཡང་དུ་བཏང་སྟེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་སྐུལ་འདེད་བཏང་། ཁུལ་ཡོངས་ཀྱི་མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་དང་དབང་བོ་སྐྱོན་ཅན་ལྕི་མོ། དྭ་ཕྲུག གཙོ་གནད་གཟིགས་སྐྱོང་བྱེད་ཡུལ་སོགས་དཀའ་ཁག་ཆེ་བའི་མང་ཚོགས་མི་ཐེངས་ཁྲི་གསུམ་དང་སྟོང་བརྒྱད་ལྔ་བརྒྱས་མཁར་གྲོང་སྡོད་དམངས་སྨན་བཅོས་རོགས་སྐྱོར་ལོངས་སུ་སྤྱད་པ་དང་། སྨན་བཅོས་རོགས་སྐྱོར་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་བདུན་འབུམ་བཞི་ཁྲི་དགུ་སྟོང་དགུ་ལྔ་བརྒྱར་སླེབས། མི་ཁྲི་གསུམ་དང་སྟོང་བཞི་ཡིས་སྒོ་བསྟེན་སྨན་བཅོས་ལོངས་སྤྱོད་བྱས་པ་དང་། སྨན་རིན་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་འབུམ་བདུན་ཁྲི་ལྔར་སླེབས་ལ། སྨན་རིན་སྒོར་བྱེ་བ་གཅིག་ས་ཡ་གསུམ་འབུམ་གཉིས་ཁྲི་བརྒྱད་སྟོང་བདུན་བཞི་བརྒྱ་རྩིས་ཞུ་བྱས་པ་དང་། མི་སྟོང་བཞི་དང་ཉིས་བརྒྱ་སྨན་ཁང་དུ་ཞག་སྡོད་སྨན་བཅོས་བྱས་པ་དང་། སྨན་རིན་སྒོར་བྱེ་བ་གསུམ་དང་ས་ཡ་བཞི་འབུམ་བརྒྱད་ཁྲི་གཉིས་སྟོང་བདུན་བཞི་བརྒྱར་སླེབས་ལ། སྨན་རིན་སྒོར་བྱེ་བ་གཉིས་དང་ས་ཡ་བརྒྱད་འབུམ་དགུ་སྟོང་ལྔ་བརྒྱ་རྩིས་ཞུ་བྱས།

མཚོ་ནུབ་ཁུལ་གྱི་སྨན་བཅོས་འགན་སྲུང་སྡེ་ཁག་དང་གྲོང་གསེར་དར་སྤེལ། དམངས་སྲིད་སོགས་སྡེ་ཁག་གིས་མཐུན་སྦྱོར་མཉམ་འགུལ་བྱས་ནས། སྨན་བཅོས་འགན་སྲུང་ཆ་འཕྲིན་མ་ལག་གི་ཐོབ་ཐང་འགུལ་རྣམ་རྟགས་མཚོན་བཟང་བོར་བྱས་པ་དང་། དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་སྨན་བཅོས་འགན་སྲུང་རྩིས་ཐོ་བཙུགས་ལ། རྩིས་ཐོ་ལྟར་སྨན་བཅོས་འགན་སྲུང་ཁྲོད་ཞུགས་པར་སྐུལ་སློང་གཏོང་བའི་བྱ་བ་བཟང་བོར་བསྒྲུབས་ཏེ། དཀའ་ཁག་ཡོད་པའི་མང་ཚོགས་ལ་འགན་སྲུང་བྱེད་འོས་པར་འགན་སྲུང་བྱེད་པ་མངོན་འགྱུར་བྱས། མིག་སྔར། ཁུལ་ཡོངས་སུ་བསྡོམས་པས་དཀའ་ཁག་ཡོད་པའི་མང་ཚོགས་ཁྲི་གཅིག་དང་སྟོང་བརྒྱད་ཉིས་བརྒྱ་གྱ་བདུན་གྱི་ཐོབ་ཐང་ལ་ཞིབ་དཔྱད་བྱས་པ་དང་། མི་ཁྲི་གཅིག་དང་སྟོང་བརྒྱད་བརྒྱ་དང་ང་གཅིག་སྨན་བཅོས་འགན་སྲུང་ཁྲོད་དུ་བཞག་ལ། དཀའ་ཁག་ཡོད་པའི་མང་ཚོགས་སྨན་བཅོས་འགན་སྲུང་ཁྲོད་ཞུགས་ཚད་བརྒྱ་ཆའི་གོ་དགུ་ལྷག་ལ་སླེབས་ནས། དཀའ་ཁག་ཡོད་པའི་མི་ཚོགས་ཀྱི་སྨན་བཅོས་འགན་སྲུང་ཞབས་ཞུ་ཕྱོགས་ཡོངས་ལ་ཁེབས་པར་ཁག་ཐེག་བྱས།

རིན་ཆེན་མཚོས་བསྒྱུར།