ཟླ་བརྒྱད་པའི་ཚེས་ཉེར་ལྔ་ཉིན། མཚོ་སྔོན་ཞིང་ཆེན་དམངས་གཉེར་ཁེ་ལས་འཛད་སྤྱོད་རོགས་སྐྱོར་རྟེན་གཞིའི་སྒོ་བྱང་གི་ཡོལ་རས་ལེན་པའི་མཛད་སྒོ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་བསྡུས། དེ་ནི་རང་ཞིང་གི་དམངས་གཉེར་ཁེ་ལས་འཛད་སྤྱོད་རོགས་སྐྱོར་རྟེན་གཞི་གཉིས་པ་རེད།
འཛད་སྤྱོད་རོགས་སྐྱོར་དེ་དམངས་གཉེར་ཁེ་ལས་གྲོང་གསེབ་དར་སྤེལ་ཁྲོད་ཞུགས་པ་དང་མཉམ་དུ་ཕྱུག་པོར་བསྒྱུར་བར་རོགས་འདེགས་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་པའི་ཆ་ནས། རོགས་སྐྱོར་རྐྱེན་སྲོལ་རྒྱུན་མ་ཆད་པར་འཐུས་ཚང་དུ་བཏང་བ་དང་། ཉོ་ཚོང་ལམ་བུ་རྒྱུན་མ་ཆད་པར་རྒྱ་བསྐྱེད་དེ། ཐོན་ལས་འཕེལ་རྒྱས་ཐད་སྒུལ་ཤུགས་གསར་བ་བསྣན། ཉེ་བའི་ལོ་འགའི་རིང་ལ། མཚོ་ལྷོ་ཁུལ་གྱིས་ལྗང་མདོག་སྐྱེ་ལྡན་ཕྱུགས་ལས་ཕྱིར་གཏོང་བྱེད་སའི་སྔོན་སྐྱོད་དཔེ་སྟོན་ཁུལ་མྱུར་དུ་འཛུགས་སྐྲུན་བྱས་པ་དང་། ནོར་གནག་དང་བོད་ལུག ཉ། ནས་དང་འཕང་འབྲས་སོགས་སྤུས་ལེགས་ཞིང་ཕྱུགས་ཁྱད་ལྡན་ཐོན་རྫས་གཅིག་བསྡུས་བྱས་ཏེ། ཚོང་རྟགས་མིང་གྲགས་ཅན་གསར་སྐྲུན་བྱས། མཚོ་ལྷོ་ཁུལ་གྱིས་གློག་ཚོང་སྟེགས་བུ་འཛུགས་སྐྲུན་བྱས་པ་དང་། ཆ་འཕྲིན་ཁྱབ་བསྒྲགས་དང་མཁོ་འདོན་ཉོ་ཚོང་། དངོས་ཟོག་སྐྱེལ་འདྲེན། སྤུས་ཚད་རྗེས་འདེད་དང་ཚོང་རྗེས་ཞབས་ཞུ་སོགས་གཞི་གཅིག་ཅན་གྱི་གློག་ཚོང་ཕྱོགས་བསྡུས་ཞབས་ཞུ་མ་ལག་གྲུབ་པར་བྱས་ལ། ཁྱད་ལྡན་ཐོན་རྫས་རྒྱལ་ཡོངས་སུ་བསྐྱོད་པར་རོགས་འདེགས་བྱས་པ་དང་། འཛད་སྤྱོད་རོགས་སྐྱོར་གྱིས་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཤིང་། འཛད་སྤྱོད་རོགས་སྐྱོར་གྱིས་ཁུལ་ཡོངས་ཀྱི་དམངས་གཉེར་ཁེ་ལས་དང་། རིགས་མི་འདྲ་བའི་མཉམ་ལས་ཁང་གི་ཁེ་ལས་འཕེལ་རྒྱས་དང་ཚོང་རྟགས་འཛུགས་སྐྲུན་ལ་སྣེ་ཁྲིད་བྱས་ཏེ། གྲོང་གསེབ་དར་སྤེལ་བྱེད་ཆེད་སྟོབས་ཤུགས་ཕུལ།
འཛད་སྤྱོད་རོགས་སྐྱོར་ནི་གྲོང་གསེབ་དར་སྤེལ་གྱི་གྲུབ་ཆ་གཙོ་བོ་དང་། ཆེས་ཕན་འབྲས་ལྡན་པ་དང་ཆེད་ཐད་ཀར་གྱིས་གྲོང་གསེབ་དར་སྤེལ་ཁྲོད་ཞུགས་པའི་རྣམ་པ་ཡིན། མཚོ་ལྷོ་ཁུལ་གྱིས་འཛད་སྤྱོད་རོགས་སྐྱོར་གྱི་སྐུལ་སྤེལ་པ་དང་བརྒྱུད་སྒྲོག་པ། ཟབ་ཞུགས་པ་བྱེད་པ་དང་། མཉམ་དུ་ཚང་མ་འཛད་སྤྱོད་རོགས་སྐྱོར་ཁྲོད་ཞུགས་པ་དང་། ཚང་མས་འཛད་སྤྱོད་རོགས་སྐྱོར་ལ་རྒྱབ་སྐྱོར་བྱེད་པ། ཚང་མས་འཛད་སྤྱོད་རོགས་སྐྱོར་དྲིལ་སྒྲོག་བྱེད་པའི་སྤྱི་ཚོགས་སྣང་ཚུལ་བཟང་བོ་གྲུབ་པར་སྐུལ་འདེད་གཏོང་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།