མཚོ་ལྷོ་ཁུལ་གྱིས་རྒྱང་བསྟེན་སྨན་བཅོས་ཞབས་ཞུ་ཡོངས་སུ་ཁེབས་པར་བྱས།
2023.08.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

གཞི་རིམ་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་བ་དང་། གཞི་རིམ་མང་ཚོགས་ཀྱི་ནད་སྟོན་སྨན་བཅོས་ཐད་ཀྱི་དཀའ་གནད་ཐག་གཅོད་ཆེད། ཉེ་བའི་ལོ་འགའི་རིང་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཡོངས་ཀྱི་ཁུལ་ཁོངས་འཕྲོད་བསྟེན་ཆ་འཕྲིན་སྟེགས་བུ་རིམ་སྤོར་སྒྱུར་བཀོད་བྱེད་པར་སྐུལ་འདེད་བཏང་བ་དང་། གློག་རྡུལ་ནད་ཐོ་སྲོག་ཤིང་དུ་བྱས་པ་དང་། རིམ་བགོས་ནད་བརྟག་སྨན་བཅོས་དང་སྨན་བཅོས་མཉམ་འབྲེལ་ཚོགས་པ། རྫོང་ཁོངས་དམ་འབྲེལ་རིགས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་གཅིག་མཐུན་ཚོགས་པ། ཁྱིམ་ཚང་གི་སྨན་པའི་གན་རྒྱ་འཇོག་པ། རྒྱང་བསྟེན་སྨན་བཅོས། རྒྱང་བསྟེན་སློབ་ཁྲིད། རྒྱང་བསྟེན་མཉམ་བསྡུས་ནད་དཔྱད་སོགས་ནང་དོན་གཙོ་བོ་ནང་དུ་འདུ་བའི་མཚོ་ལྷོ་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ཆ་འཕྲིན་སྟེགས་བུ་འཛུགས་སྐྲུན་བྱས་པར་མ་ཟད་བཀོལ་སྤྱོད་བྱས་ནས། ཁུལ་མི་དམངས་སྨན་ཁང་དང་ཁུལ་བོད་སྨན་ཁང་དཀྱིལ་སྙིང་དུ་བྱས་པ་དང་། གོང་ནས་ཞིང་ཆེན་ཕྱིའི་ནང་གི་སྨན་བཅོས་སྡེ་ཁག་མིང་གྲགས་ཅན་འབྲེལ་མཐུད་བྱས་པ་དང་། འོག་ནས་ཁུལ་ཁོངས་ནང་གི་རྫོང་རིམ་པའི་སྨན་ཁང་དགུ་དང་གཞི་རིམ་ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ཞེ་གཅིག་ལ་འབྲེལ་མཐུད་བྱས་པའི་ཆ་འཕྲིན་མ་ལག་གཞི་གྲངས་མཉམ་མཐུད་མཉམ་སྤྱོད་མངོན་འགྱུར་བྱས་ལ། རྫོང་རིམ་པའི་སྨན་ཁང་དང་ཡུལ་ཚོ་དང་གྲོང་རྡལ་འཕྲོད་བསྟེན་ཁང་ཡོངས་ཀྱིས་རྒྱང་བསྟེན་མཉམ་བསྡུས་ནད་དཔྱད་བཀོལ་སྤྱོད་བྱས།

མཚོ་ལྷོ་ཁུལ་གྱིས་ཁུལ་དང་རྫོང་། ཡུལ་ཚོ་རིམ་པ་གསུམ་གྱི་རྒྱང་བསྟེན་སྨན་བཅོས་ཞབས་ཞུ་མ་ལག་འཛུགས་སྐྲུན་ལ་རྒྱབ་བརྟེན་ནས། ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་རྒྱང་བསྟེན་མཉམ་བསྡུས་ནད་དཔྱད་ཁང་དང་བརྙན་ལེན་ཁང་། སྙིང་པར་ཁང་བཅས་འཐུས་ཚང་དུ་བཏང་བ་དང་། གཞི་རིམ་སྨན་བཅོས་ལས་ཁུངས་ཀྱི་ཞབས་ཞུ་ནུས་པ་ཇེ་ཆེར་བཏང་། ཁུལ་རིམ་པའི་སྨན་བཅོས་ཀྱི་ས་ཁུལ་བགོས་ནས་གཞི་རིམ་སྨན་བཅོས་ལས་ཁུངས་ཀྱི་མཛུབ་སྟོན་དང་གསོ་སྦྱོང་ལ་ཤུགས་བསྣན་པ་དང་། ཚད་ལྡན་སྒོས་རྒྱང་བསྟེན་སྨན་བཅོས་ཞབས་ཞུ་སྤེལ། སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་གཅིག་མཐུན་ཚོགས་པའི་རྫོང་རིམ་པའི་སྣེ་ཁྲིད་སྨན་ཁང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ལ་རྒྱང་བསྟེན་མཉམ་བསྡུས་ནད་དཔྱད་དང་པར་ལེན་ནད་བརྟག་དང་སྙིང་གློག་ནད་བརྟག རྒྱང་བསྟེན་སློབ་ཁྲིད་སོགས་རྫོང་དང་ཡུལ་ཚོ་གཞི་གཅིག་གི་ངོ་བོ་གཅིག་མཚུངས་ཅན་གྱི་ཞབས་ཞུ་འདོན་སྤྲོད་བྱས།

ཅང་སུའུ་ཡི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་མཉམ་ལས་སོགས་རོགས་སྐྱོར་སྟེགས་བུ་གོ་སྐབས་སུ་བརྩིས་ཏེ། ཁུལ་ཁོངས་ནང་གི་རོགས་སྐྱོར་ཐོབ་པའི་སྨན་ཁང་སོ་སོ་དང་ཞིང་ཆེན་ཕྱིའི་རོགས་སྐྱོར་སྨན་ཁང་དུ་རྒྱང་བསྟེན་སྨན་བཅོས་ཞབས་ཞུ་ལག་བསྟར་བྱེད་པ་དང་པར་ལེན་མཉམ་བསྡུས་ནད་དཔྱད། བརྙན་རིས་ཀྱི་ལམ་ནས་མཉམ་བསྡུས་ནད་དཔྱད་བྱེད་པ། རྒྱང་བསྟེན་སྨན་བཅོས་མཉམ་ལས་གྲོས་མཐུན་འགོད་པ། རྒྱང་བསྟེན་སྨན་བཅོས་མཉམ་ལས་དྲ་རྒྱ་འཛུགས་པ། རྒྱང་བསྟེན་སྨན་བཅོས་མཉམ་ལས་འབྲེལ་བ་འཛུགས་པ་བཅས་ལ་སྐུལ་འདེད་བཏང་བ་དང་། སྨན་བཅོས་ཐོན་ཁུངས་བཀོད་སྒྲིག་བཟང་བོ་བྱས་ལ། སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་ཁ་ཕྱོགས་པ་མངོན་འགྱུར་བྱས་པ་དང་། ཡུན་རིང་གི་ཆེད་མཁས་པའི་སྨན་བཅོས་རུ་ཁག་ཅིག་འཛུགས་སྐྲུན་བྱས་ནས། མང་ཚོགས་ཀྱིས་རང་ཁྱིམ་གྱི་སྒོ་ཁ་ནས་སྤུས་ལེགས་སྨན་བཅོས་ཞབས་ཞུ་སྔར་ལས་མང་བོ་མྱོང་ཐུབ་པར་བྱས།

རིན་ཆེན་མཚོས་བསྒྱུར།