ཟླ་བརྒྱད་པའི་ཚེས་ཉེར་དགུ་ཉིན་ནི་རྒྱལ་ཡོངས་ཀྱི་ཐིག་ལེན་རིས་འབྲིའི་བཅའ་ཁྲིམས་དྲིལ་སྒྲོག་ཉིན་མོ་ཐེངས་ཉི་ཤུ་པ་ཡིན་ལ། ཉིན་དེར་ཚད་དང་ལྡན་པའི་སྒོ་ནས་ས་ཁྲ་བེད་སྤྱོད་བྱེད་པ་དང་ནོར་འཆུག་ཉག་ཙམ་ཡང་འབྱུང་མི་རུང་ཞེས་པ་བརྗོད་སྙིང་ཡིན་པའི་ཐིག་ལེན་རིས་འབྲིའི་བཅའ་ཁྲིམས་དྲིལ་སྒྲོག་ཉིན་མོ་དང་རྒྱལ་ཁབ་ཀྱི་མངའ་ཁོངས་འདུ་ཤེས་དྲིལ་སྒྲོག་གཟའ་འཁོར་གྱི་བྱ་འགུལ་ཚེས་ཉེར་དགུའི་ཉིན་ཟི་ལིང་ནས་སྤེལ་མགོ་བརྩམས། དམིགས་ཡུལ་ནི་སྤྱི་ཚོགས་དང་མང་ཚོགས་ཀྱི་རྒྱལ་ཁབ་ཀྱི་མངའ་ཁོངས་འདུ་ཤེས་མཐོར་འདེགས་གཏོང་བ་དང་། ཚད་དང་ལྡན་པའི་སྒོ་ནས་ཚད་ལྡན་ས་ཁྲ་བེད་སྤྱོད་བྱེད་པར་ཁྲིད་སྟོན་བྱེད་པ། རྒྱལ་ཁབ་ཀྱི་མངའ་ཁོངས་སྲུང་སྐྱོབ་བྱེད་པ། སྤྱི་དམངས་ལ་ཐིག་ལེན་རིས་འབྲིའི་བཅའ་ཁྲིམས་ཀྱི་ཤེས་བྱ་ཁྱབ་གདལ་དུ་གཏོང་བའི་ཆེད་དུ་རེད།
ས་ཁྲ་ནི་རྒྱལ་ཁབ་ཀྱི་མངའ་ཁོངས་མཚོན་བྱེད་གལ་ཆེན་ཞིག་ཡིན་པ་དང་། ཐད་ཀར་དུ་རྒྱལ་ཁབ་ཀྱི་བདག་དབང་ཁྱབ་ཁོངས་མཚོན་ཡོད་པར་མ་ཟད། རྒྱལ་ཁབ་ཀྱི་ཆབ་སྲིད་འདོད་བློ་མངོན་པར་བྱས་ཡོད་པས། གཟབ་ནན་གྱི་ཆབ་སྲིད་རང་བཞིན་དང་ཚགས་དམ་པའི་ཚན་རིག་རང་བཞིན། ནན་ཆེ་བའི་ཁྲིམས་བཅད་རང་བཞིན་བཅས་ལྡན་པ་ཡིན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་དང་ཐིག་ལེན་རིས་འབྲིའི་ས་ཁམས་བརྡ་འཕྲིན་མ་ལག་གིས་བྱང་སྐར་སྤུས་ལེགས་ཞབས་ཞུའི་སྟེགས་བུ་བཙུགས་ནས། འགྲིམ་འགྲུལ་སྐྱེལ་འདྲེན་དང་གནམ་གཤིས་བརྟག་དཔྱད། གནོད་སྐྱོབ་གནོད་སེལ་སོགས་ཀྱི་བཟོ་སྐྲུན་ཆེན་མོའི་ཁྲོད་གནད་འཁེལ་གནས་ཡུལ་ཀྱི་ཞབས་ཞུ་ཐེངས་འབུམ་ལྔ་དང་ཁྲི་བརྒྱད་འདོན་སྤྲོད་བྱས་ཡོད་ལ། སྤྱི་ཕན་ཞབས་ཞུའི་རིན་ཐང་སྒོར་དུང་ཕྱུར་ལས་བརྒལ་ཡོད། རྒྱལ་ཁབ་ཐིག་ལེན་རིས་འབྲིའི་འཕྲལ་སྒྲུབ་འགན་སྲུང་གི་ཟི་ལིང་རྟེན་གཞི་བཙུགས་ཏེ། མཚོ་སྔོན་གྱིས་གཅིག་གྱུར་ལག་བསྟར་བྱེད་པ་གཉིས་ཀྱི་འགན་འཁྲི་ལག་ལེན་དུ་བསྟར་བར་སྤུས་ལེགས་ཀྱི་ལག་རྩལ་རྒྱབ་བརྟེན་འདོན་སྤྲོད་བྱས།
བྱ་འགུལ་སྤེལ་སའི་ཡུལ་དངོས་སུ་མཚོ་སྔོན་ཞིང་ཆེན་ཐིག་ལེན་རིས་འབྲི་ཁང་གི་ལས་བྱེད་པ་དང་ལས་བཟོ་བས་དྲིལ་སྒྲོག་བྱེད་ས་བཀོད་སྒྲིག་དང་རྒྱལ་ཁབ་མངའ་ཁོངས་དང་འབྲེལ་བའི་ཤེས་བྱའི་འགྲེམ་བྱང་དང་འཕྲེད་བྱང་། ཐིག་ལེན་རིས་འབྲིའི་བཅའ་ཁྲིམས་ཀྱི་དྲིལ་སྒྲོག་བརྡ་ཁྱབ་སྤེལ་བ་སོགས་ཀྱི་ཐབས་ལ་བརྟེན་ནས། རང་འགུལ་གྱིས་མང་ཚོགས་ལ་དྲིལ་སྒྲོག་ཡིག་ཆ་དང་ཐིག་ལེན་རིས་འབྲིའི་དྲིལ་སྒྲོག་ས་ཁྲ་བྱིན་པར་མ་ཟད། ཐིག་ལེན་རིས་འབྲིའི་བཅའ་ཁྲིམས་ཀྱི་ཤེས་བྱ་དྲིལ་སྒྲོག་ཞིབ་མོ་བྱས་ནས། རྒྱལ་ཁབ་ཀྱི་མངའ་ཁོངས་འདུ་ཤེས་ཀྱི་གལ་ཆེན་རང་བཞིན་མཚམས་སྦྱོར་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།