མཚོ་སྔོན་གྱི་ཁེ་ལས་ལྔ་སྐོར་ཐེངས་དང་པོའི་རྒྱལ་ཁབ་རིམ་པའི་དཔེ་སྟོན་ལས་གཞིའི་གྲས་སུ་བདམས།
2023.09.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཉེ་སྔོན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་དང་ཞིང་སྡེ་ལས་དོན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ལས་དང་ཞིང་སྡེ་ལས་དོན་པུའུ་ཡིས་ཉེ་སྔོན་སྐོར་ཐེངས་དང་པོའི་ཞིང་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཚད་གཞི་ཅན་གྱི་དཔེ་སྟོན་ལས་གཞིའི་གསར་འཛུགས་ལས་ཁུངས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་གྱི་ཁེ་ལས་ལྔ་དེའི་གྲས་སུ་ཚུད་ཡོད།

ཐེངས་འདིར་རྒྱལ་ཁབ་རིམ་པའི་དཔེ་སྟོན་ལས་གཞིའི་ནང་ཚུད་པའི་ཁེ་ལས་ལ་མཚོ་སྔོན་ཁའེ་ཐེ་ཞིང་ཕྱུགས་གསར་སྤེལ་ཚད་ཡོད་ཀུང་ཟི་དང་། མཚོ་སྔོན་ཚྭ་འདམ་ཞིང་རྨོ་མའོ་ཧི་ཐའོ་ཐའོ་ར་བ་ཚད་ཡོད་ཀུང་ཟི། དགའ་བདེ་གངས་རི་ཞིང་ཕྱུགས་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་ཟི། མཚོ་སྔོན་ལྔ་གསུམ་དྲུག་དགུ་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་ཚད་ཡོད་ཀུང་ཟི། མཚོ་སྔོན་གསེར་མདོག་མདོ་ལ་འོ་བཟོས་ལས་རིགས་ཚད་ཡོད་ཀུང་ཟི་བཅས་ཡིན་པ་དང་། ཐོན་རྫས་ལ་བོད་ལུག་དང་ནོར་གནག འབྲིའི་མོའི་འོ་མ་སོགས་འདུས།

ཉེ་བའི་ལོ་འགའི་རིང་ལ། རང་ཞིང་གིས་ཞིང་ལས་ཐོན་སྐྱེད་དང་ཞིང་ལས་ཐོན་རྫས་ཀྱི་རིགས་གསུམ་ཚད་གཞི་གཅིག་པའི་ཐབས་ལམ་ལ་སྐུལ་འདེད་བཏང་སྟེ། ཐོན་རྫས་གཙོར་འཛིན་པ་དང་བརྒྱུད་རིམ་ཧྲིལ་བོར་ཚོད་འཛིན་བྱེད་པ་སྙིང་བོར་བྱས་པའི་དེང་རབས་ཅན་གྱི་ཞིང་ལས་ཐོན་ལས་མུ་འབྲེལ་ཚད་གཞི་ཅན་གྱི་མ་ལག་བཙུགས་ཏེ། ཚད་གཞི་ལྟར་ཐོན་སྐྱེད་བྱེད་པའི་ཚོགས་པ་གཙོ་བོ་མྱུར་དུ་གསོ་སྤེལ་དང་ཞིང་ཕྱུགས་ཐོན་ལས་སྤོ་བསྒྱུར་རིམ་འཕར་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། ལྷད་མེད་སྤུས་ལེགས་ཀྱི་ཞིང་ཕྱུགས་ཐོན་རྫས་བཟང་བོ་སྐོར་ཞིག་གསར་བསྐྲུན་བྱས་ནས། ཕན་ནུས་ལྡན་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

རང་ཞིང་གིས་ཞིང་ཕྱུགས་ཐོན་ལས་ཀྱི་ཁྱད་ཆོས་དང་འཕེལ་རྒྱས་ཆ་རྐྱེན་ལ་རྐང་བཙུགས་ནས་ཞིང་ཕྱུགས་ལས་ཀྱི་ཚད་གཞི་ཅན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་ཐོན་ལས་མུ་འབྲེལ་ཚད་གཞི་ཅན་གྱི་མ་ལག་འཛུགས་པ་དང་། ཚད་གཞི་ཅན་གྱི་ཐོན་སྐྱེད་ལམ་ལུགས་འཛུགས་པ། བརྒྱུད་རིམ་ཧྲིལ་བོའི་སྤུས་ཚད་ཚོད་འཛིན་ལ་ཤུགས་སྣོན་པ། ལྷད་མེད་སྤུས་ལེགས་ཀྱི་ཞིང་ཞོར་ཐོན་རྫས་བཟང་བོ་གསར་བསྐྲུན་བྱེད་པ། དཔེ་སྟོན་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་བཅས་གཙོར་བཟུང་སྟེ། ཚད་གཞི་ཅན་གྱི་སྣེ་ཁྲིད་པ་གསོ་སྤེལ་བྱས་ནས། ཚད་ལྡན་དང་ཐོན་ལས། ལག་རྩལ། ཚོང་རྟགས། ཞབས་ཞུ་བཅས་མཉམ་འདྲེས་བྱེད་པར་སྐུལ་འདེད་བཏང་ཐོག་དཔེ་སྟོན་རྟེན་གཞིའི་གསར་འཛུགས་བྱ་བ་བཟང་བོར་བསྒྲུབས།


བསོད་ནམས་ཚེ་རིང་གིས་བསྒྱུར།