ཉེ་བའི་ལོ་འགའི་རིང་ལ། རང་ཞིང་གིས་ཀྲུང་ཧྭའི་ཆུ་གཏེར་ལ་སྲུང་སྐྱོབ་བཟང་བོ་བྱེད་པ་དང་གཙང་ཆབ་སྔོན་མོ་ལྷུང་ལྷུང་ཤར་དུ་བཞུར་བར་འགན་སྲུང་བྱེད་རྒྱུ་དམིགས་འབེན་དུ་བྱས་ཏེ་བརླན་ས་སྲུང་སྐྱོབ་དང་རིགས་བགར་དོ་དམ། ཐོན་ཁུངས་ཀྱི་ལྟ་སྐུལ་དོ་དམ། སྲུང་སྐྱོབ་སླར་གསོ། ལྟ་ཞིབ་ཚད་ལེན་དང་གདེང་འཇོག་བཅས་མ་ལག་ཆེན་པོ་ལྔའི་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པ་དང་བརླན་སའི་རིགས་རང་བྱུང་སྲུང་སྐྱོབ་ཁུལ་རྨང་གཞི་ཡིན་པ། བརླན་སའི་སྤྱི་གླིང་ཁ་གསབ་ཡིན་པའི་བརླན་ས་སྲུང་སྐྱོབ་མ་ལག་གྲུབ་པར་བྱས་ནས་བརླན་ས་སྲུང་སྐྱོབ་ཐད་གྲུབ་འབྲས་མངོན་གསལ་བླངས།
རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར། རང་ཞིང་གིས་ཁུལ་ཁོངས་ཡོངས་ལ་ཁྱབ་པའི་བརླན་སའི་ལྟ་ཞིབ་ཚད་ལེན་དྲ་རྒྱ་ཐོག་མར་བཙུགས་ཏེ་རྒྱལ་སྤྱིའི་བརླན་ས་གཙོ་བོ་དང་བརླན་སའི་རིགས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ། རྒྱལ་ཁབ་བརླན་སའི་སྤྱི་གླིང་བཅས་ལ་དུས་བཅད་ལྟར་མ་ལག་ལྡན་པའི་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་བྱས་པ་དང་། བརླན་སའི་ཐོན་ཁུངས་ཀྱི་འགུལ་རྣམ་འགྱུར་ལྡོག་ལ་དུས་ཐོག་ཏུ་རྒྱུས་ལོན་བྱས། མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་ཉེར་གཉིས་ལོ་ནས་ཉིས་སྟོང་སུམ་ཅུ་ལོའི་བར་གྱི་བརླན་ས་སྲུང་སྐྱོབ་འཆར་འགོད་དང་ཉིས་སྟོང་ཉེར་གཉིས་ལོ་ནས་ཉིས་སྟོང་སུམ་ཅུ་ལོའི་རྨ་ཆུའི་བཞུར་རྒྱུད་ཀྱི་བརླན་ས་སྲུང་སྐྱོབ་དང་སླར་གསོའི་སྤྱིའི་ཇུས་གཞི་སྒྲིག་བཟོ་བྱས་ཏེ་གཙོ་བོར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མཚོ་སྔོན་པོ། ཚྭ་འདམ་ཆེ་བ། མདོ་ལ་རི་བོ། རྨ་ཙོང་ས་ཁུལ་བཅས་ཀྱི་བརླན་སའི་ཁུལ་དུ་བརླན་ས་སྲུང་སྐྱོབ་སླར་གསོའི་བཟོ་སྐྲུན་ཆེན་པོ་ལག་བསྟར་བྱས།
དེ་མིན། རང་ཞིང་གིས་རྒྱལ་ཡོངས་ཀྱི་སྔོན་དུ་བརླན་སའི་སྐྱེ་ཁམས་དོ་སྲུང་ལམ་ལུགས་ལག་བསྟར་བྱས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཕྱོགས་བསྡུས་ཚོད་ལྟ་ཁུལ་གྱི་རྫོང་ཁུལ་ཉེར་གཉིས་སུ་བརླན་སའི་དོ་སྲུང་མི་སྣ་དགུ་བརྒྱ་རེ་གསུམ་བཀོད་སྒྲིག་བྱས་པ་དང་། དོ་སྲུང་རྒྱ་ཁྱོན་ལ་སྤྱི་ཆིངས་ས་ཡ་གཅིག་དང་འབུམ་དགུ་ཁྲི་གཉིས་ལྷག་ཡོད་ལ། འབྲོག་པ་གཙོར་འཛིན་དང་ཆེད་ཞོར་ཟུང་འབྲེལ། དོ་དམ་ཚད་ལྡན། འགན་སྲུང་ནུས་ཡོད་ཀྱི་བརླན་སའི་སྐྱེ་ཁམས་དོ་སྲུང་རྣམ་པ་གྲུབ་པར་བྱས། ད་ལོའི་ཟླ་ལྔ་པར། རྒྱལ་ཡོངས་ཀྱི་སྔོན་དུ་ཞིང་ཆེན་རིམ་པའི་བརླན་ས་སྲུང་སྐྱོབ་དང་སྤྱི་ཕན་ཁྲིམས་འཛིན་རོགས་ལས་ནང་རྐྱེན་བཙུགས་པ་དང་། ཞིང་ཆེན་ལྟ་ཞིབ་ཁང་དང་མཉམ་འབྲེལ་གྱིས་བརླན་སའི་ཁྱབ་ཁོངས་ཀྱི་སྲིད་འཛིན་ཁྲིམས་བསྟར་དང་སྤྱི་ཕན་ཁྲིམས་འཛིན་རོགས་ལས་རྐྱེན་སྲོལ་འཛུགས་པའི་བསམ་འཆར་པར་འགྲེམ་བྱས་ཏེ་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་བརླན་སའི་ཐོན་ཁུངས་དྲ་རྒྱ་ཅན་གྱི་དོ་དམ་མ་ལག་གསར་བ་འཛུགས་སྐྲུན་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།