ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧྥུའུ་ཅན་གྱིས་མཚོ་འགག་འགྲམ་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་གསར་བ་འཚོལ་ཞིབ་བྱས་ནས་འགྲམ་ངོགས་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་བསྐྲུན་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བསམ་འཆར་པར་འགྲེམས་བྱས།
2023.09.13 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 42

ཉེ་ཆར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧྥུའུ་ཅན་གྱིས་མཚོ་འགག་འགྲམ་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་གསར་བ་འཚོལ་ཞིབ་བྱས་ནས་འགྲམ་ངོགས་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་བསྐྲུན་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བསམ་འཆར་པར་འགྲེམས་བྱས།

《བསམ་འཆར》ནང་བསྟན་དོན། ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱས་ནས་མེས་རྒྱལ་གཅིག་གྱུར་ཡོང་བར་བྱ་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་གི་བློ་བརྟན་འགྱུར་མེད་ཀྱི་ལོ་རྒྱུས་ལས་འགན་དང་། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་རེ་འདོད། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་བཅས་ཡིན་པས། ཐའེ་ཝན་ལས་དོན་གྱི་ཁྱོན་ཡོངས་ཐད་ཧྥུའུ་ཅན་ལ་དམིགས་བསལ་གྱི་གོ་གནས་དང་ནུས་པ་ཡོད།

《བསམ་འཆར》ནང་བླང་བྱ་བཏོན་དོན། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་དུས་རབས་གསར་བའི་ཏང་གིས་ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་ཇུས་གཞི་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འགྲམ་གཉིས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འདུ་ཤེས་ལག་བསྟར་བྱས་ནས་ཀུན་འབྲེལ་ལ་བརྟེན་ནས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། ཕན་པར་བརྟེན་ནས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། བརྩེ་སེམས་ལ་བརྟེན་ནས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཧྥུའུ་ཅན་གྱི་ཁྱབ་ཁོངས་ཧྲིལ་བོར་ངོགས་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་ཧུར་ཐག་གིས་བསྐྲུན་དགོས།

ཧྥུའུ་ཅན་གྱིས་ཐའེ་ཝན་ལ་དམིགས་བསལ་ལེགས་ཆ་དང་སྔོན་ལ་དཔེ་སྟོན་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཕྱོགས་སོ་སོའི་ཐོན་ཁུངས་སྤྱོད་མཁས་པ་དང་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་དགོས། ཐོག་མཐའ་བར་གསུམ་དུ་ཐའེ་ཝན་སྤུན་ཟླར་བརྩི་འཇོག་དང་གཅེས་སྐྱོང་། བདེ་སྐྱིད་སྐྲུན་པ་བཅས་བྱས་ནས་ཐའེ་ཝན་སྤུན་ཟླར་བདེ་སྐྱིད་བསྐྲུན་རྒྱུ་དང་ཐོབ་ཐང་གཅིག་མཚུངས་ལོངས་སྤྱོད་བྱེད་པའི་སྲིད་ཇུས་དང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། གནད་དོན་གྱི་ཁྲིད་ཕྱོགས་མཐའ་འཁྱོངས་དང་། སྔོན་ལ་སྒྲུབ་པ་དང་སྔོན་ལ་ཚོད་ལྟ་བྱེད་པ་འབུར་དུ་ཐོན་པ། དབང་བསྐུར་ནུས་སྤྲོད་རྒྱ་སྐྱེད། སྲིད་ཇུས་དང་ལམ་ལུགས་གསར་གཏོད་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སྔོན་སླ་རྗེས་དཀའ་དང་རིམ་བགྲོད་གོང་འཕེལ། རྒྱུན་མཐུད་ངང་སྐུལ་འདེད། སྙིང་རུས་གཏན་འཁྱོངས་བཅས་མཐའ་འཁྱོངས་དང་། དུས་དང་ཡུལ་བབ་ལ་བསྟུན་པ། ཆ་རྐྱེན་བཟང་བ་དང་བཟང་ཆ་འབུར་དུ་ཐོན་པའི་ས་ཁུལ་གྱིས་སྔོན་ལ་ཚོད་ལྟ་དང་གནད་གཅིག་གིས་ཁྱོན་ཡོངས་ཁྲིད་པར་རྒྱབ་སྐྱོར། ས་ཁུལ་གཞན་དག་གིས་གནས་ཐིག་གཏན་འཁེལ་དང་མཉམ་སྒྲུབ་ཕན་འབྲས་ཐོན་པར་ཁྲིད་སྟོན་བྱ་དགོས།

《བསམ་འཆར》ནང་བྱ་བའི་དམིགས་ཚད་གསལ་བོར་བཏོན་ཡོད་དེ། འགྲམ་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་གཞི་རྩའི་ཆ་ནས་བསྐྲུན་ཚར་བར་བྱས་ཏེ། ཧྥུའུ་ཅན་ནི་ཐའེ་ཝན་སྤུན་ཟླ་དང་ཐའེ་ཝན་ཁེ་ལས་སྐམ་སར་བསྐྱོད་པའི་ཁྱིམ་གཞིས་དང་པོ་ཡིན་པའི་ཕན་འབྲས་མངོན་གསལ་དོད་པོ་ཐོན་པར་བྱ་རྒྱུ། མཉམ་འདྲེས་འཕེལ་རྒྱས་ཀྱི་སྲིད་ཇུས་དང་ལམ་ལུགས་ཀྱི་མ་ལག་སྔར་ལས་འཐུས་ཚང་དུ་བཏང་ནས་འགྲམ་གཉིས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་སྤྱི་ཚོགས་ཀྱི་རྣམ་པ་སྔར་ལས་ཇེ་ཟབ་ཏུ་གཏོང་རྒྱུ། ཧྥུའུ་ཅན་དང་ཐའེ་ཝན་གྱི་མི་སྣ་འགྲོ་འོང་སྔར་ལས་སྟབས་བདེར་བཏང་ནས། ཚོང་དོན་དངུལ་གཏོང་སྔར་ལས་བདེ་བླག་ཏུ་བསྒྱུར་རྒྱུ། བརྗེ་རེས་མཉམ་ལས་ཁྱབ་ཁོངས་སྔར་ལས་རྒྱ་ཆེར་བསྐྱེད་ནས་རིམ་པ་སྔར་ལས་གཏིང་ཟབ་ཏུ་གཏོང་རྒྱུ། ཞ་མིན་དང་ཅིན་མིན། ཧྥུའུ་ཀྲིག་དང་མ་ཙུའུ་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ནུས་པ་རྒྱུན་ཆད་མེད་པར་མངོན་པར་བྱས་ཏེ་ཕིན་ཐན་ཕྱོགས་བསྡུས་ཚོད་ལྟ་ཁུལ་གྱིས་ཐའེ་ཝན་དང་མཉམ་འདྲེས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་བཅས་རེད།

《བསམ་འཆར》ནང་ད་དུང་ཐའེ་ཝན་སྤུན་ཟླ་དང་ཐའེ་ཝན་ཁེ་ལས་སྐམ་སར་བསྐྱོད་པའི་ཁྱིམ་གཞིས་དང་པོ་འཛུགས་སྐྲུན་བྱས་ཏེ་ཧྥུའུ་ཅན་དང་ཐའེ་ཝན་གྱི་་དཔལ་འབྱོར་ཚོང་དོན་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཧྥུའུ་ཅན་གྱི་ས་ཁོངས་ཧྲིལ་བོ་མཉམ་འདྲེས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཧྥུའུ་ཅན་དང་ཐའེ་ཝན་གྱི་མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ་སོགས་ཐད་ཞིབ་ཕྲའི་ནང་དོན་ཉེར་གཅིག་བཏོན་ཡོད།

ཤ་བོ་གསེར་མཚོས་བསྒྱུར།