ཟླ་དགུ་པའི་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅོ་ལྔ་ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་གཙོ་སྒྲུབ་བྱས་ཤིང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་འགན་ཁུར་ནས་བསྒྲུབས་པའི་ཞིང་ཆེན་ཡོངས་ཀྱི་བསམ་བློ་རིག་གནས་དྲིལ་སྒྲོག་རྐང་འཛིན་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་སྐབས་ལྔ་བ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ་བསྡུས། གྲོང་ཁྱེར་དང་ཁུལ། རྫོང་དང་ས་གནས་སོ་སོའི་དྲིལ་སྒྲོག་ལས་ཁུངས་དང་ཞིང་ཆེན་ཡོངས་ཀྱི་བསམ་བློ་རིག་གནས་ལས་ཁུངས་ཀྱི་ལས་སྒོའི་རྐང་འཛིན་པ་བཞི་བཅུ་གསོ་སྦྱོང་ལ་ཞུགས།
ཐེངས་འདིའི་གསོ་སྦྱོང་གིས་ཆབ་སྲིད་རང་བཞིན་དང་ཆེད་ལས་རང་བཞིན། ཁ་གཏད་རང་བཞིན་འབུར་དུ་ཐོན་པར་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན། ཏང་གི་ལོ་རྒྱུས་དང་ཏང་གཤིས་སློབ་གསོ། ལས་བྱེད་པའི་ནུས་པ་མཐོར་འདེགས་གཏོང་བ་སོགས་ཕྱོགས་གསུམ་ལ་དམིགས་ནས། གཙོ་བོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསམ་བློ་རིག་གནས་དྲིལ་སྒྲོག་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་བྱས། གསོ་སྦྱོང་བརྒྱུད་དེ། གཞི་རིམ་གྱི་བསམ་བློ་རིག་གནས་དྲིལ་སྒྲོག་བྱེད་པའི་ལས་བྱེད་པས་འདུ་ཤེས་འཛིན་སྟངས་དང་བྱ་བ་བཟང་བོར་བསྒྲུབ་པའི་འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་བ་དང་། གོ་རིམ་ལྡན་པའི་སྒོ་ནས་གནས་བབ་གསར་བའི་འོག་གི་བསམ་བློ་རིག་གནས་དྲིལ་སྒྲོག་བྱ་བའི་ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ནས། ཆེད་ལས་ཀྱི་ནུས་པ་མཐོར་འདེགས་གཏོང་བ་དང་ཆེད་ལས་ཀྱི་སྤྱོད་ཚུལ་གྲུབ་པར་བྱེད་པ། ཆེད་ལས་ཀྱི་སྙིང་སྟོབས་སྐྱེད་སྲིང་བྱས།
དུས་ཡུན་ཉིན་ལྔ་རིང་གི་གསོ་སྦྱོང་ཐད་ནས་གཅིག་བསྡུས་སློབ་སྦྱོང་དང་རང་སྦྱོང་ཟུང་འབྲེལ་བྱས་པ་དང་། ཡུལ་དངོས་ཀྱི་སློབ་ཁྲིད་དང་འཛིན་གྲྭའི་བགྲོ་གླེང་སོགས་ཀྱི་རྣམ་པ་མང་པོ་སྤྱད་དེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རགས་བཤད་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་འགྲེལ་ཀློག་སོགས་ཀྱི་ནང་དོན་གྱི་སློབ་ཁྲིད་བྱས། ཡུལ་དངོས་སློབ་ཁྲིད་བྱ་འགུལ་ཁྲོད། སློབ་མ་ཚོ་མཚོ་སྔོན་ཉིན་རེའི་ཚགས་ཁང་མཉམ་འདྲེས་སྨྱན་སྦྱོར་དྲིལ་སྒྲོག་བཀོད་འདོམས་ལྟེ་གནས་སུ་སོང་ནས། མཉམ་འདྲེས་སྨྱན་སྦྱོར་གྱི་དྲིལ་སྒྲོག་བཀོད་འདོམས་སྟེགས་བུ་འཛུགས་སྐྲུན་ལ་བལྟས་པ་དང་། དེང་རབས་ཅན་གྱི་སྨྱན་སྦྱོར་ཡོངས་ཀྱི་དྲིལ་སྒྲོག་སྟར་སྒྲིག་དང་འཚོལ་སྒྲིག་རྒྱུད་རིམ་ལ་རྒྱུས་ལོན་བྱས། སློབ་མ་ཡོངས་ཀྱིས་རང་སྦྱོང་དང་ཟུར་ཁྲིད། ཞིབ་འཇུག་གྲོས་སྡུར་དང་བརྗེ་རེས་བརྒྱུད་དེ། སློབ་ཁྲིད་ཐད་ནས་ཁྱད་ཆོས་ལྡན་པ་དང་འཆད་སློབ་གཉིས་འཕེལ་མངོན་འགྱུར་བྱས། སློབ་མ་ཚོས། ཐེངས་འདིའི་སློབ་སྦྱོང་གི་གོ་སྐབས་ཧ་ཅང་རྩ་ཆེ་བས། སློབ་སྦྱོང་གི་གྲུབ་འབྲས་དེ་ལག་ལེན་ལ་མཛུབ་སྟོན་བྱེད་པ་དང་བྱ་བར་སྐུལ་འདེད་གཏོང་བའི་འགུལ་སྐྱོད་དངོས་ལ་བསྒྱུར་ནས། གཞི་རིམ་གྱི་བསམ་བློ་རིག་གནས་དྲིལ་སྒྲོག་གི་གཡུལ་ས་སྲ་བརྟན་དུ་བསྒྱུར་དགོས་པའི་ཚུལ་བསྟན།
རིན་ཆེན་མཚོས་བསྒྱུར།