མཚོ་ལྷོ་ཁུལ་གྱིས་བྱེད་ཐབས་མང་བོ་བཏོན་ནས་མཚོ་སྔོན་པོའི་སྐྱེ་ཁམས་ལ་གསོན་ཤུགས་མངོན་པར་བྱས།
2023.09.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ད་ལོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་བསྟར་ལྟ་སྐུལ་དང་སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ། འབག་བཙོག་འགོག་བཅོས། ཁོར་ཡུག་སྲུང་སྐྱོབ་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་གཞི་འཛིན་སར་བྱས་ནས་མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་གནད་དོན་ཞིབ་བཤེར་བཅོས་སྐྱོང་དང་ཕྱོགས་གསུམ་པའི་འཕྲོད་བསྟེན་ཁོར་སྲུང་ཞབས་ཞུ་ཉོ་བ། མཚོ་སྔོན་པོའི་འབབ་རྒྱུད་གཙོ་བོ་དང་ཆུ་ཁུངས་གཙོ་བོའི་ཁོར་ཡུག་བཅོས་སྐྱོང་དམ་འཛིན་བྱེད་པ་སོགས་ཀྱི་བྱེད་ཐབས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། མཚོ་སྔོན་པོའི་མཐའ་འཁོར་གྱི་སྐྱེ་ཁམས་སྲུང་སྐྱོབ་ལ་ལེགས་བཅོས་ནུས་ལྡན་བྱས།

མཚོ་ལྷོ་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་གི་གཙོ་གནད་ཁྱབ་ཁོངས་དང་གནད་འགག་གི་གནད་དོན། ཉམས་ཞན་རིམ་པར་དམིགས་ནས་གྲོང་རྡལ་དང་ཡུལ་ཚོ། སྐྱེ་ཁམས། ཚོང་རའི་ལྟ་སྐུལ། སྣ་འཛོམས་ཁྲིམས་བསྟར། རང་བྱུང་ཐོན་ཁུངས་སོགས་འབྲེལ་ཡོད་སྡེ་ཁག་བཅུ་གཅིག་རྩ་འཛུགས་བྱས་ཏེ། མཚོ་སྔོན་པོའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ཅུང་ཉམས་ཞན་ཡིན་པ་དང་འཁོར་ཡུན་རང་བཞིན་གྱི་ཁོར་ཡུག་གནད་དོན་ཅུང་མང་བའི་ས་ཁུལ་དུ་སྐྱེ་ཁམས་ཁོར་ཡུག་གནད་དོན་རིགས་སོ་སོ་གྲལ་བཤེར་དང་བཅོས་སྒྲིག་བྱས་པར་མ་ཟད། བཀོད་སྒྲིག་སྐུལ་སློང་ཚོགས་འདུ་བསྡུས་ནས་གནད་དོན་བཅོས་སྒྲིག་ཞིབ་མོ་དང་ལྟ་སྐུལ་བཅོས་སྒྲིག་ཕན་འབྲས་ལ་ཁག་ཐེག་བྱས།

དེ་དང་དུས་མཉམ་དུ། སྲིད་གཞུང་གིས་ཕྱོགས་གསུམ་པའི་ཞབས་ཞུ་ཉོ་བའི་རྣམ་པ་བརྒྱུད་ནས་ཕྱོགས་གསུམ་པའི་ཀུང་སིས་མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་རྒྱལ་ལམ་གཡས་གཡོན་དུ་འཕྲོད་བསྟེན་གཙང་སྦྲའི་ཞབས་ཞུ་སྒྲུབ་པར་འགན་ཁུར་ནས་མཚོ་སྔོན་པོའི་ཉེ་འདབས་ཀྱི་སྡོད་དམངས་ཀྱི་འཚོ་བའི་གད་སྙིགས་གནད་དོན་ནུས་ལྡན་སྒོས་ཐག་གཅོད་པ་དང་མཚོའི་མཐའ་འཁོར་ས་ཁུལ་གྱི་མི་སྡོད་ཁོར་ཡུག་སླར་གསོ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྣང་། སྐྱིད་སྣང་བཅས་ཇེ་དྲག་ཏུ་བཏང་།

གཙོ་བོར་ས་གནས་དེ་གའི་ཆུའི་ཁོར་ཡུག་གི་ཁྱད་ཆོས་གཞིར་བྱས་ནས་སྐྱེ་ཁམས་སླར་གསོ་དང་སྣ་འཛོམས་བཅོས་སྐྱོང་། འགོག་བཅོས་འཛུགས་སྐྲུན་ལ་ཟུང་འབྲེལ་བྱེད་པ་གཞིར་བཟུང་ནས་། མཚོ་སྔོན་པོའི་བཞུར་རྒྱུད་གཙོ་བོ་དང་ཆུ་ཁོངས་གཙོ་བོའི་ཁོར་ཡུག་བཅོས་སྐྱོང་དང་ཆུའི་སྐྱེ་ཁམས་སླར་གསོ།  ཆུའི་འབག་བཙོག་འགོག་བཅོས་བྱེད་པ་སོགས་དམ་འཛིན་བྱས་ནས་སྒོར་བྱེ་བ་གཉིས་བཀོལ་ནས་མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་བཞུར་ཁོངས་ཆུང་བ་དྲུག་གི་འབག་བཙོག་འགོག་བཅོས་བཟོ་སྐྲུན་ལག་བསྟར་བྱས་པ་དང་། ཆེད་དོན་མ་དངུལ་སྒོར་བྱེ་བ་དྲུག་དང་ས་ཡ་བརྒྱད་འབུམ་གསུམ་ཁྲི་གཉིས་བརྩོན་ལེན་བྱས་ནས་རིན་སྨོན་ཆུ་བོའི་བཞུར་ཁོངས་ཀྱི་འབག་བཙོག་འགོག་བཅོས་དང་ཆུའི་སྐྱེ་ཁམས་སླར་གསོའི་བཟོ་སྐྲུན་ལས་གཞི་ལག་བསྟར་བྱས་ལ། བཟོ་སྐྲུན་བྱེད་ཐབས་སྐོར་ཞིག་ལག་བསྟར་བྱས་པ་བརྒྱུད་དྭངས་གཙང་གི་མཚོ་ཆེན་ཁྲི་ཤོག་རྒྱལ་མོ་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་མིང་བྱང་དུ་འགྱུར་བར་བྱས།

མི་ཕམ་མགོན་པོས་བསྒྱུར།