ཞིང་ཆེན་ཡོངས་ཀྱི་མི་རིགས་སྐད་ཡིག་གི་གཞུང་ཡིག་ལོ་ཙཱའི་གསོ་སྦྱོང་འཛིན་གྲྭ་སྐབས་གཉིས་པ་མཚོ་བྱང་ཁུལ་དུ་འཚོགས་མགོ་ཚུགས།
2023.09.19 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 161

2023ལོའིཟླ9པའི་ཚེས18ཉིན་གྱི་སྔ་དྲོ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་གཙོ་སྒྲུབ་བྱས་ཤིང་།  མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་རོགས་སྒྲུབ་བྱས་པའི་ཞིང་ཆེན་ཡོངས་ཀྱི་མི་རིགས་སྐད་ཡིག་གཞུང་ཡིག་ལོ་ཙཱའི་གསོ་སྦྱོང་འཛིན་གྲྭ་སྐབས་གཉིས་པ་མཚོ་བྱང་ཁུལ་ཨུའི་ཏང་གི་སློབ་གྲྭ་རུ་འཚོགས། 

མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཡུ་སྒྲོན་མཚོ། ཞིང་ཆེན་སྲིད་གཞུང་གྲངས་ཉུང་མི་རིགས་སྐད་ཡིག་ལོ་ཙཱ་ཁང་གི་ཀྲུའུ་རིན་ཚེ་རིང་འཚོ་བཅས་མགོ་རྩོམ་མཛད་སྒོར་ཞུགས། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་གསོ་སྦྱོང་མཛད་སྒོར་འགོ་འཛིན་བྱས།

ཚོགས་ཐོག་ཏུ་མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་མཐོང་ཆེན་དང་། སྤྱི་ཚོགས་ལས་རིགས་ཁག་གི་རྒྱབ་སྐྱོར་བླ་མེད་ལ་བརྟེན་ནས་མཚོ་བྱང་ཁུལ་གྱི་མི་རིགས་སྐད་ཡིག་ལས་དོན་ལ་གྲུབ་འབྲས་མི་དམན་པ་བླངས་ཡོད་པ་སྟེ། མཚོ་བྱང་ཁུལ་གེ་སར་རིག་གནས་ཞིབ་འཇུག་རྟེན་གཞི་དང་ཁུལ་སྲིད་གཞུང་བོད་ཡིག་ཐེམ་སྒོའི་དྲ་ཚིགས་གསར་འཛུགས་བྱས། གངས་ལྗོངས་འཕྲིན་གསར་སྐད་འཕྲིན་སྤྱི་སྟེགས་ཀྱི་ཀློག་པ་པོ་མི་ཁྲི6ལྷག་ལ་བུད་ནས་ཤུགས་རྐྱེན་ཐེབས་རྒྱ་རང་རེའི་ཞིང་ཆེན་གྱི་རང་སྐྱོང་ཁུལ་དྲུག་གི་སྨྱན་སྦྱོར་སྡེ་ཚན་གྱི་མདུན་གྲལ་དུ་སླེབས་ཡོད་པར་མ་ཟད། མཚོ་བྱང་རྒྱང་སྒྲོག་བརྙན་འཕྲིན་གྱི་བོད་སྐད་སྟེགས་བུ་ལ་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད། མདོ་ལ་ཚགས་པར་ཁང་གིས་སྒྲུབ་བཞིན་པའི་གངས་ལྗོངས་འཕྲིན་གསར་དྲ་ཚིགས་དང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་སྒྲུབ་བཞིན་པའི་ཁུལ་སྲིད་གཞུང་བོད་ཡིག་དྲ་ཚིགས་ཀྱི་ཀློག་གྲངས་བརྟན་བརླིང་ངང་འཕར་བཞིན་ཡོད། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི《སྲིད་དོན་སྤྱི་བསྒྲགས》བོད་ཡིག་པར་མ་དེ་ཁུལ་ཡོངས་ཀྱི་གཞི་རིམ་ལས་ཁུངས་དང་སློབ་གྲྭ་ཆུང་འབྲིང་། དགོན་སྡེ། སྡེ་དམངས་ཨུ་ཡོན་ལྷན་ཁང་སོགས་སུ་བཀྲམ་ནས་རྒྱ་ཆེའི་མང་ཚོགས་ཀྱིས་སྲིད་ཇུས་ཤེས་རྟོགས་དང་སྲིད་ཞུགས་སྲིད་གླེང་བྱེད་པའི་ལག་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།  མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བའི་རིག་རྩལ་བརྩམས་ཆོས་ཏེ།《མའོ་ཙེ་ཏུང་གི་རྟོགས་བརྗོད》བོད་ཡིག་པར་མ་དང་《མའོ་ཙེ་ཏུང་གི་སྙན་ཚིག(རྒྱ་བོད་ཤན་སྦྱར་མ)》《མཚོ་སྔོན་པོའི་བྱང་རྒྱུད་ཀྱི་གེ་སར་རིག་གནས》སོགས་དཔེ་ཆ་སྔ་གཞུག་ཏུ་པར་སྐྲུན་དང་རྫོང་སོ་སོའི་མི་རིགས་སྐད་ཡིག་ལས་དོན་ལའང་དེ་བཞིན་དུ་གྲུབ་འབྲས་མི་དམན་པ་ཐོབ་ཡོད། ཐེངས་འདིའི་གསོ་སྦྱོང་དུ་ཞུགས་པའི་ཞིང་ཆེན་རིམ་པ་དང་སྤུན་ཟླ་རང་སྐྱོང་ཁུལ་གྱི་མི་རིགས་སྐད་ཡིག་གཞུང་ཡིག་ལོ་ཙཱ་དོན་གཉེར་བྱེད་པའི་རྐང་འཛིན་པ་རྣམས་ཀྱིས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་བོར་བཟུང་ནས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་འོག  ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་དྲིལ་སྒྲོག་དང་ཁྱབ་སྒྲོག་བྱེད་པར་ནུས་ཤུགས་གང་ཡོད་འདོན་པ་དང་། ཆབ་སྲིད་ཀྱི་ངེས་གནས་ཇེ་མཐོར་གཏོང་བ་དང་ལོ་ཙཱའི་བྱང་ཚད་མཐོར་འདེགས་བཏང་ནས་སྔར་ལས་ལྷག་པའི་སྒོ་ནས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན། དཔལ་འབྱོར་འཕེལ་རྒྱས་སོགས་ལ་ལོ་ཙཱའི་ནུས་པ་འདོན་དགོས་པའི་བླང་བྱ་བཏོན།

ཨ་ཁྱུང་གིས་ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་སྒྲུབ་པར་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གཙིགས་འཛིན་ཆེན་པོ་གནང་བཞིན་ཡོད། ཁུལ་ཨུའི་ཏང་གི་སློབ་གྲྭས་བསླབ་ཚན་དང་དགེ་རྒན་གྱི་དཔུང་ཁག་བཀོད་སྒྲིག་ནན་མོ་དང་། སློབ་མའི་དོ་དམ་དང་བདེ་འཇགས་འགན་སྲུང་ལ་ཤུགས་བསྣན་ཏེ། ཚོགས་ཞུགས་མི་སྣ་རྣམས་ལ་མཚོ་བྱང་གི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་། ཉིང་རྡུལ་མཚོན་ཆ་ཞིབ་བཟོའི་གནས་གཞི་དང་པོའི་གལ་ཆེའི་གོ་གནས་ལ་ངེས་ཤེས་ཟབ་མོ་རྙེད་པར་བྱས་ཏེ། མཚོ་བྱང་གི་སྤྱི་ཚོགས་དཔལ་འབྱོར་གྱི་འཕེལ་རྒྱས་ལ་གོ་རྟོགས་གསལ་བོ་ཞིག་ཡོད་པར་བྱེད་དགོས་པའི་རེ་བ་བཏོན།

ཚེ་རིང་འཚོ་ཡིས་ཐེངས་འདིའི་གསོ་སྦྱོང་འཛིན་གྲྭར་ཞུགས་པའི་གཞུང་ཡིག་ལོ་ཙཱའི་ལས་བྱེད་པ་རྣམས་ཀྱིས་གོ་སྐབས་དམ་འཛིན་བྱས་ཏེ། སྦྱངས་པ་ལག་ལེན་དུ་བསྟར་ཐུབ་པ་བྱེད་དགོས་པ་དང་། ཞིང་ཆེན་ཡོངས་ཀྱི་མི་རིགས་སྐད་ཡིག་གི་རྐང་འཛིན་ལོ་ཙཱ་བའི་སྣང་བརྙན་ལེགས་པོ་བསྐྲུན་དགོས་པའི་རེ་བ་བཏོན།

ཐེངས་འདིའི་གསོ་སྦྱོང་འཛིན་གྲྭར་བོད་ཡིག་གི་གཞུང་ཡིག་ལོ་ཙཱའི་རྐང་འཛིན་ལས་བྱེད་མི་སྣ70དང་། སོག་ཡིག་གི་གཞུང་ཡིག་ལོ་ཙཱའི་རྐང་འཛིན་ལས་བྱེད་མི་སྣ30བཅས་ཞུགས་ཡོད།

གསར་འགོད་པ་དཔའ་བརྟན་རྒྱལ་དང་བན་དེ་མཚོ།