མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པ་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་འགྲེམ་སྟོན་ཚོགས་འདུ་སྐབས་དྲུག་པར་ཞུགས།
2023.09.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

ཟླ་དགུ་པའི་ཚེས་ཉེར་གཅིག་ཉིན།  ཚོང་དོན་པུའུ་དང་ཀྲུང་གོ་རྒྱལ་སྤྱིའི་ཉོ་ཚོང་སྐུལ་འདེད་ཨུ་ཡོན་ལྷན་ཁང་། ཉིང་ཞ་ཧོས་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་བསྒྲུབས་པའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་འགྲེམ་སྟོན་ཚོགས་འདུ་སྐབས་དྲུག་པ་དབྱིན་ཁྲོན་གྲོང་ཁྱེར་དུ་འཚོགས་པ་དང་།  མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པ་འགྲེམ་ཚོགས་ལ་ཞུགས་པར་མ་ཟད་འགོ་རྩོམ་མཛད་སྒོར་ཞུགས།

རྒྱུས་ལོན་བྱུང་བ་ལྟར་ན།   སྐབས་འདིའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་འགྲེམ་སྟོན་ཚོགས་འདུའི་ཚོགས་ཡུན་ཉིན་བཞི་ཡིན་པ་དང་། ལག་རྡང་སྦྲེལ་ཏེ་དུས་རབས་གསར་བར་གོ་སྐབས་གསར་བ་དམ་འཛིན་དང་མ་འོངས་པ་གསར་བ་མཉམ་སྤྱོད་བྱེད་ཅེས་པ་བརྗོད་དོན་དུ་བྱས་ཡོད་ལ།   ཁྱད་ལྡན་ཐོན་ལས་དང་ལྗང་མདོག་འཕེལ་རྒྱས།   བདེ་ཐང་སྨན་བཅོས།  གཞི་གྲངས་དཔལ་འབྱོར་སོགས་ཁྱབ་ཁོངས་ལ་དམིགས་ཏེ་བྱ་འགུལ་སྣ་མང་སྤེལ།  འགྲེམ་སྟོན་ཚོགས་འདུའི་འགྲེམ་ཁུལ་གྱི་རྒྱ་ཁྱོན་ལ་སྨིད་གྲུ་བཞི་མ་ཁྲི་བཞི་ཡོད་པ་དང་།   རྒྱལ་སྤྱིའི་འགྲེམ་ཁུལ་དང་རྒྱལ་ནང་འགྲེམ་ཁུལ།   ཆེད་དོན་འགྲེམ་ཁུལ།   ཉིང་ཞ་འགྲེམ་ཁུལ་བཅས་འགྲེམ་ཁུལ་ཆེན་པོ་བཞི་བཀོད་སྒྲིག་བྱས་ཡོད་ལ།  བསྡོམས་པས་རྒྱལ་ཁབ་བཅུ་བཞི་དང་རྒྱལ་ནང་གི་ཞིང་ཆེན་དང་གྲོང་ཁྱེར་གྱི་སྲིད་གཞུང་འཐུས་ཚབ་ཚོགས་པ་ཉི་ཤུ་འགྲེམ་ཚོགས་ལ་ཞུགས་ཡོད།

ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་འགྲེམ་སྟོན་ཚོགས་འདུའི་སྟེགས་བུ་བཀོལ་སྤྱོད་བཟང་བོ་བྱས་ཏེ་མཚོ་སྔོན་ཞིང་ཆེན་དང་ཨ་རབ་རྒྱལ་ཁབ་ཀྱི་དཔལ་འབྱོར་འགྲོ་འོང་ཇེ་དྲག་ཏུ་གཏོང་བ་དང་ཕྱི་ཕྱོགས་སྒོ་འབྱེད་ཆུ་ཚད་མཐོར་འདེགས་གཏོང་བ།   རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་ཆེད།   མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱིས་སྔོན་ལ་འཆར་འགོད་བྱས་ཏེ་ཐེངས་འདིའི་འགྲེམ་སྟོན་ཚོགས་འདུ་ལོ་གཅིག་གི་འགྲེམ་ཞུགས་འཆར་གཞིའི་ཁྲོད་བཞག་པ་དང་།    རྨིད་གྲུ་བཞི་མ་བརྒྱ་དང་ལྔ་བཅུ་ཡོད་པའི་བརྗོད་དོན་སྣང་བརྙན་འགྲེམ་ཁང་འཆར་འགོད་འཛུགས་སྐྲུན་བྱས་ལ།  བརྙན་རིས་དང་དངོས་རྫས།   རི་མོ་སོགས་ཀྱི་རྣམ་པ་བརྒྱུད་དེ་རང་ཞིང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱས་པའི་ཐད་བླངས་པའི་གྲུབ་འབྲས་དྲིལ་བསྒྲགས་དང་འགྲེམ་སྟོན་བྱས་ནས་ཁེ་ལས་ལ་དྲིལ་སྒྲོག་འགྲེམ་སྟོན་གྱི་སྟེགས་བུ་བསྐྲུན།  ཞིང་ཆེན་ནང་ཁུལ་གྱི་ཁེ་ལས་བཅུ་བདུན་གྱིས་ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་ནུས་ཁུངས་གསར་པའི་རྒྱུ་ཆ།   ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་སོགས་ཀྱི་ཐོན་རྫས་རིགས་དོན་བདུན་རྩ་འཛུགས་བྱས་ཏེ་འགྲེམ་ཚོགས་ལ་ཞུགས་པ་དང་།   སྐབས་འདིའི་འགྲེམ་ཚོགས་བརྒྱུད་དེ་མཚོ་སྔོན་གྱི་ཐོན་རྫས་ཨ་རབ་རྒྱལ་ཁབ་ཀྱི་ཁྲོམ་རར་བསྐྱོད་པར་སྐུལ་འདེད་བཏང་།

                                                                                                            ལྷ་མོ་ཚེ་རིང་གིས་བསྒྱུར།