མཚོ་སྔོན་དུ་ཡོང་བའི་སྐོར་འབུམ་རམས་པའི་ཞབས་ཞུ་ཚོགས་པ་སྐོར་ཉེར་གསུམ་པའི་ཁོངས་མིས་ཞིང་ཆེན་གྱི་གནས་ཚུལ་ལ་རྟོག་ཞིབ་བྱེད་པའི་བྱ་བ་བདེ་བླག་ངང་མཇུག་བསྒྲིལ།
2023.09.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཀྲུང་དབྱང་རྩ་འཛུགས་པུའུ་དང་གུང་གཞོན་ཚོགས་པ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་མཚོ་སྔོན་དུ་ཡོང་བའི་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མིས་ཞིང་ཆེན་གྱི་གནས་ཚུལ་ཐད་ཀྱི་ངོས་འཛིན་ཇེ་ཟབ་ཏུ་གཏོང་བར་རོགས་འདེགས་བྱེད་པ་དང་། ཁོ་ཚོའི་ཆེད་ལས་དང་ཐོན་ཁུངས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ། རང་ཞིང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་ཐད་རིག་སྟོབས་ཀྱི་འདེགས་སྐྱོར་བྱེད་ཆེད། ཟླ་དགུ་པའི་ཚེས་བཅུ་བཞི་ཉིན་ནས་ཚེས་ཉེར་གཅིག་ཉིན་བར། ཞིང་ཆེན་ཏང་ཨུའི་ཤེས་ལྡན་མི་སྣ་གཞུང་སྒྲུབ་ཁང་གིས་འབུམ་རམས་པའི་ཞབས་ཞུ་ཚོགས་པ་སྐོར་ཉེར་གསུམ་པའི་ཁོངས་མི་རྩ་འཛུགས་བྱས་ཏེ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་རྟོག་ཞིབ་བྱས།

རྟོག་ཞིབ་སྐབས་སུ། འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དང་གུང་ཧོ་རྫོང་གཉིས་ཀྱི་སློབ་གསོ་དང་སྨན་བཅོས། ཐོན་ལས་འཕེལ་རྒྱས། ཁྲི་ཀ་རྫོང་གི་སྐྱེ་ཁམས་སྲུང་སྐྱོབ་དང་མཚོ་ལྷོ་ཁུལ་གྱི་ཉ་གསོ་སྤེལ། ཉི་འོད་ནུས་པའི་ཐོན་ལས་ར་བའི་ཁུལ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་ཡུལ་དངོས་ནས་རྟོག་ཞིབ་བྱས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ། ཡུལ་དངོས་ནས་ཡུས་ཧྲུའུ་གྲོང་ཁྱེར་གྱི་སློབ་གསོ་དང་སྨན་བཅོས། ཐོན་ལས། གྲོང་ཁྱེར་འཛུགས་སྐྲུན་དང་ནང་ཆེན་རྫོང་གི་རང་བྱུང་སྐྱེ་ཁམས་ཁོར་ཡུག ཁྲི་འདུ་རྫོང་ཞེའུ་གྲོང་རྡལ་གྱི་སྐྱེ་ཁམས་ཕྱུགས་ལས། ཡུས་ཧྲུའུ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་དང་སྨན་བཅོས། ཐོན་ལས་འཕེལ་རྒྱས་བཅས་ཀྱི་གནས་བབ་ལ་རྟོག་ཞིབ་བྱས།

འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མི་ད་དུང་སྔ་གཞུག་ཏུ་ས་གྲུ་བཞིའི་བྱེ་བཅོས་ལོ་རྒྱུས་འགྲེམ་སྟོན་ཁང་དང་ཡུས་ཧྲུའུ་ཁུལ་རྟེན་མཛོད་གླིང་། ཡུས་ཧྲུའུ་གནོད་འགོག་རྒུད་སྐྱོབ་རྗེས་དྲན་ཁང་། ཁྲི་འདུ་རྫོང་འབྲི་ཆུ་ཕྱོགས་བསྡུས་སློབ་གསོ་རྟེན་གཞི་བཅས་ལ་སོང་ནས། རྒྱལ་གཅེས་རིང་ལུགས་དང་ཕུགས་འདུན་ཡིད་རྟོན་སློབ་གསོ་སྤེལ་བ་དང་། ཏང་ནང་ཞུགས་སྐབས་ཀྱི་དམ་ཚིག་ཕྱིར་དྲན་བྱས་ཏེ། ཚང་མའི་མཚོ་སྔོན་གྱི་དམར་པོའི་རིག་གནས་ཐད་ཀྱི་ངོས་འཛིན་ཇེ་ཟབ་ཏུ་བཏང་བ་དང་། ཏང་གཤིས་བློ་སྦྱོང་ཇེ་དྲག་ཏུ་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ་གཉིས་པའི་ཚུན་དུ། མཚོ་སྔོན་ལ་ཡོང་བའི་འབུམ་རམས་པའི་ཞབས་ཞུ་ཚོགས་པ་སྐོར་ཉེར་གསུམ་པའི་འབུམ་རམས་པ་ཉེར་བརྒྱད་ཀྱིས་ལས་རྐང་ལ་རྐང་འཛུགས་པ་དང་ཁག་ཁུར་འབད་འཐབ་བྱས་ནས། མི་སྒེར་གྱི་ཆེད་ལས་ཁྱད་ཆོས་དང་གདམ་མངགས་ལས་ཁུངས་ཀྱི་ཐོན་ཁུངས་དགེ་མཚན། དར་རྒྱས་ས་ཁུལ་གྱི་སྔོན་ཐོན་འདུ་ཤེས་བཅས་མཚོ་སྔོན་གྱི་བྱ་བའི་གནས་ཚུལ་དངོས་དང་མཉམ་བསྲེས་བྱས་ཏེ། འཕེལ་རྒྱས་ཀྱི་བྱེད་ཐབས་བཏོན་པ་དང་དངོས་གཉེར་གྱི་ཐབས་ཇུས་ཕུལ་ནས། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་ཤེས་ལྡན་མི་སྣ་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱས།

རིན་ཆེན་མཚོས་བསྒྱུར།