ཚོང་གཉེར་ཁོར་ཡུག་ལེགས་པོ་ཡིས་ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་བ་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཐོན་ལས་སྒྲིག་གཞིའི་རིམ་འཕར་ལ་གཞོགས་འདེགས་བྱེད་ཐུབ། ད་ལོར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཁེ་ལས་དང་ཚོང་གཉེར་མཁན་གཙོ་བོར་དོ་སྣང་བྱས་ནས། སྲིད་དོན་བཅོས་སྒྱུར་དང་ཞིབ་མཆན་ལམ་ལུགས་བཟོ་བར་སྐུལ་འདེད་བཏང་སྟེ། ཁེ་ལས་ལ་རོགས་འདེགས་བྱེད་པའི་སྲིད་ཇུས་སྣ་ཚོགས་དངོས་འབེབ་གང་ལེགས་བྱས་པ་དང་། ཁུལ་ཁོངས་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱས་ནས། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
མཚོ་ནུབ་ཁུལ་ནི་རང་ཞིང་གི་བཟོ་ལས་ཐོན་ལས་དཔལ་འབྱོར་དང་ནུས་ཁུངས་གསར་བའི་ཁུལ་ཁོངས་འཕེལ་རྒྱས་ཀྱི་སྲོག་ཤིང་ཡིན། ད་ལོར། མཚོ་ནུབ་ཁུལ་གྱིས་ཐོན་ལས་ཀྱི་གནས་བཞིའི་འཛུགས་སྐྲུན་དང་ཁུལ་ཁོངས་ཐོན་ལས་སྒྲིག་གཞིའི་ལེགས་སྒྱུར་རིམ་འཕར་གྱི་མྱུར་ཚད་ལ་ཤུགས་བསྣན་ནས། ཁུལ་ཁོངས་ནང་ཁུལ་དུ་ཚ་མཚོའི་བཟོ་ལས་གཙོ་བོ་བྱས་ནས། ཉི་འོད་དང་ཚ་ནུས། ནུས་ཁུངས་གསར་བ། རྒྱུ་ཆ་གསར་བ་སོགས་ཐོན་ལས་ཕྲེང་འབྲེལ་འཕེལ་རྒྱས་ལ་སྤུས་ཚད་མཐོ་བའི་ལམ་བུ་སྣ་ཚོགས་བཏོད། མིག་སྔའི་བར་དུ། མཚོ་ནུབ་ཁུལ་གྱིས་ཚོང་གཉེར་མཁན་གཙོ་བོའི་སྤྱིའི་གྲངས་འབོར་འབུམ་ལྔ་དང་ཁྲི་ལྔ་སྟོང་དྲུག་ལ་སླེབས་ཤིང་། ལོ་ཧྲིལ་བོའི་ནང་ཁ་གྲངས་འཕར་ཚད་སྟོང་བཞི་དང་བརྒྱ་དང་དོན་བརྒྱད་རེད།
ད་ལོའི་ལོ་སྟོད་ནས་ད་ལྟའི་བར་དུ། མཚོ་ནུབ་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་སྲིད་དོན་ཞབས་ཞུའི་བྱ་བ་དེ་དྲ་ཐོག་ནས་སྒྲུབ་པར་སྐུལ་འདེད་བཏང་ནས། རིགས་སོ་སོའི་སྲིད་དོན་ཚད་ལྡན་ཅན་གྱི་ཞབས་ཞུའི་རྣམ་གྲངས་དྲུག་སྟོང་སོ་བདུན་ལྷག་ལ་འཕར་ཡོད་པ་དང་། སྤྱི་བའི་ཞབས་ཞུའི་དྲ་ཐོག་དོན་སྒྲུབ་བྱེད་ཚད་བརྒྱ་ཆའི་གོ་དྲུག་གྲངས་ཆུང་ལྔ་བརྒྱད་ལ་སླེབས། སྲིད་དོན་ཞབས་ཞུའི་ཁྲོད་དྲ་ཐོག་ནས་དོན་དག་སྒྲུབ་པའི་བྱ་བ་མངོན་འགྱུར་བྱས་ཚད་བརྒྱ་ཆའི་དགུ་བཅུ་ལ་སླེབས་འདུག ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རང་སྟེང་ནས་གནད་དོན་ཉེར་བདུན་རྙེད་ཅིང་། གནད་དོན་བཅོ་བརྒྱད་དག་ཐེར་ལེགས་བཅོས་བྱས་ཟིན།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།