བསྟུད་མར་ཉིན་འགའི་རིང་ལ། རང་ཞིང་གི་མེ་འགོད་མེ་གསོད་སྡེ་ཁག་གིས་སྡེ་ཁག་མང་པོ་དང་མཉམ་འབྲེལ་བྱས་ཏེ། གཞིས་ཁུལ་དང་། ལམ་འགྲམ་གྱི་ཚོང་ཁང་། བཟོ་གྲྭ་དང་ཁེ་ལས། དམངས་སྲོལ་མགྲོན་ཁང་སོགས་མེ་འགོག་མེ་གསོད་བདེ་འཇགས་ཀྱི་གཙོ་གནད་ས་ཚིགས་ནས། ཟླ་མཆོད་དུས་ཆེན་དང་། རྒྱལ་སྟོན་དུས་ཆེན་སྔོན་གྱི་ཞིབ་བཤེར་དང་དྲིལ་སྒྲོག་བྱ་འགུལ་སྤེལ།
ཞིབ་བཤེར་བྱེད་སྐབས། ཞིབ་བཤེར་ཚན་ཆུང་སོ་སོས་ཚོང་ལས་གཅིག་སྡུས་ཁུལ་དང་། ཡུལ་སྐོར་ལྗོངས་རྒྱུ་ཁུལ། མགྲོན་ཁང་དང་ཟ་ཁང་སོགས་མི་སྣ་འདུ་འཛི་ས་ཁུལ་དུ། ཡུལ་དངོས་ཀྱི་འགན་ཁུར་མི་སྣས་དུས་ཆེན་སྐབས་སུ་མེ་འགོག་བདེ་འཇགས་བྱ་བ་དངོས་འབེབས་བྱེད་པའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་དང་། ལས་ཁུངས་སོ་སོས་འབར་རླངས་བཀོད་སྤྱོད་བྱས་པ་ལུགས་མཐུན་ཡིན་མིན། ཟས་སྦྱོར་ཁང་གི་འབར་རླངས་སྦུག་ལམ་དང་། ཐབ་ཀ་སོགས་ལ་མེ་འགོག་སྲུང་སྐྱོབ་སྒྲིག་ཆས་བཀོལ་སྤྱོད་བྱས་ཡོད་མེད། འབར་རླངས་ཤོར་བའི་ཉེན་བརྡའི་སྒྲིག་ཆས་བཞག་ཡོད་མེད་སོགས་ཀྱི་ཕྱོགས་ནས་ཞིབ་བཤེར་ནན་མོ་བྱས་པ་མ་ཟད། ཡུལ་དངོས་སུ་ལས་ཁུངས་ཀྱི་ལས་བཟོ་བ་འཐེན་བཤེར་བྱས་ནས་མེ་གསོད་སྒྲིག་ཆས་བཀོལ་སྤྱོད་སོགས་མེ་གསོད་བདེ་འཇགས་ཤེས་བྱ་སློབ་སྦྱོང་དང་རྒྱུན་ལོན་བྱས་པའི་གནས་ཚུལ་ལ་བལྟས།
དེ་ལས་གཞན། མེ་གསོད་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་ཞིབ་བཤེར་གྱི་བརྒྱུད་རིམ་ཧྲིལ་བོར་སྤེལ། མེ་གསོད་དྲིལ་སྒྲོག་མི་སྣ་གཞིས་ཁུལ་དང་། སློབ་གྲྭ། ཁེ་ལས་ལས་དོན་ལས་ཁུངས་སོགས་ལ་སོང་ནས། མེ་གསོད་རྒྱུ་ཆ་འགྲེམ་སྟོན་དང་། མེ་གསོད་ཤེས་བྱ་འགྲེལ་བཤད་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད་དེ། སྤྱི་དམངས་ཀྱི་མེ་གསོད་བདེ་འཇགས་འདུ་ཤེས་དང་རང་སྐྱོབ་མཉམ་སྐྱོབ་ཀྱི་ནུས་པ་མཐོ་རུ་བཏང་། ཐེངས་འདིའི་ཞིབ་བཤེས་ལས། ལས་ཁུངས་སོ་སོའི་མེ་གསོད་བདེ་འཇགས་དོ་དམ་གྱི་ཆུ་ཚད་ཇེ་མཐོར་བཏང་བ་མ་ཟད། སྤྱི་ཚོགས་ཡོངས་ཀྱི་མེ་སྐྱོན་སྔོན་འགོག་འདུ་ཤེས་ཡང་ཇེ་མཐོར་བཏང་། དུས་ཆེན་གཉིས་ཀྱི་སྐབས་སུ། མཚོ་སྔོན་མེ་གསོད་སྡེ་ཁག་གིས་མུ་མཐུད་དུ་ལྟ་སྐུལ་ཞིབ་བཤེར་ནུས་ཚད་ཆེ་རུ་བཏང་སྟེ། ཁོངས་གཏོགས་ས་ཁུལ་གྱི་བདེ་འཇགས་འགོག་རྐྱེན་ཞིབ་བཤེར་བྱས་ནས། དུས་ཆེན་སྐབས་སུ་ཞིང་ཆེན་ཡོངས་ཀྱི་མེ་གསོད་བདེ་འཇགས་གནས་བབ་བརྟན་འཇགས་ཡོང་བར་ཁག་ཐེག་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།