ཟློས་གར་ཆེན་མོ་ཤན་འདན་སྟག་སེང་ཁ་སྤྲོད་ཅེས་པ་མཚོ་སྔོན་ཟློས་གར་ཁང་དུ་འཁྲབ་སྟོན་བྱས། 
2023.09.29 ཁུངས། ཀློག་གྲངས། 76

རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ལྷ་མོ་ཚེ་རིང་དང་སྐལ་བཟང་རྣམ་རྒྱལ་གཉིས་ཀྱིས་བཀོད་པའི་གསར་འགྱུར།  

ཟླ་དགུ་བའི་ཚེས་ཉེར་བརྒྱད་ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་གིས་གེ་སར་སྒྲུང་གར་སྟེགས་ཟློས་གར་ཆེན་མོ་སྟེ། ཤན་འདན་སྟག་སེང་ཁ་སྤྲོད་ཅེས་པ་གནའ་མཁར་ཟི་ལིང་གི་མཚོ་སྔོན་ཟློས་གར་ཁང་དུ་འཁྲབ་སྟོན་བྱས།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པ་དགའ་སྟོན་རྟེན་འབྲེལ་ཞུ་བ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། ལོ་ངོ་གསུམ་གྱི་དཀའ་སྤྱད་འབད་འཐབ་དང་ཞིབ་ཚགས་ཇུས་འགོད་ལ་བརྟེན་ནས་ཤན་འདན་སྟག་སེང་ཁ་སྤྲོད་ཅེས་པའི་གར་སྟེགས་ཟློས་གར་འདི་ལེགས་འགྲུབ་བྱུང་པ་རེད། 

འཁྲབ་སྟོན་ཡུལ་དངོས་སུ་ཆེད་མཁས་པ་དག་གིས་འཁྲབ་སྟོན་ལ་བལྟས་རྗེས། ཕན་ཚུན་བསམ་བློ་བརྗེ་རེས་ཀྱི་དཔྱད་གླེང་ཚོགས་འདུ་བསྡུས་ཤིང་། ཚོགས་ཐོག་ཏུ་གེ་སར་སྒྲུང་གི་ཆེད་མཁས་པ་དང་ཟློས་གར་ཆེད་མཁས་པ། གར་སྟེགས་དང་རོལ་མོའི་ཕྱོགས་ཀྱི་ཆེད་མཁས་པ་སོགས་མི་སྣ་གང་མང་གིས་རང་ཉིད་ཀྱི་བསམ་ཚུལ་ལྷུག་པོར་བརྗོད་ཅིང་། དེས་ཞིན་ཧེ་རྫོང་གིས་གར་སྟེགས་ཟློས་གར་གསར་རྩོམ་བྱེད་པ་ལ་ཕྱོགས་སྟོན་རང་བཞིན་ནུས་པ་གལ་ཆེན་ཐོན། 

ཤན་འདན་སྟག་སེང་ཁ་སྤྲོད་ཅེས་པའི་གེ་སར་སྒྲུང་གི་གཏམ་རྒྱུད་བརྗོད་དོན་དུ་བྱས་པའི་ཟློས་གར་འདི་མཚོན་ན། གར་སྟེགས་ཀྱི་གློག་འོད་དང་འཁྲབ་སྟོན་པའི་ཉམས་འགྱུར་སྟོང་གིས་རྫོགས་པའི་ཆ་བྱད། གསོན་ཉམས་དོད་པའི་མི་སྣའི་སྣང་བརྙན་བཞེངས་སྐྲུན། དམངས་ཁྲོད་སྒྲུང་རྟའི་སྔོག་འདོན་དང་གནའ་དེང་ཟུང་འབྲེལ་གྱི་རོལ་མོ་དང་ཞབས་བྲོའི་གཞོགས་འདེགས་བཅས་ལ་བརྟེན་ནས། ཟློས་གར་གྱི་ལྟད་མོའི་ནང་དོན་ཕུན་སུམ་ཚོགས་ཤིང་། ལྟ་མཁན་མང་པོའི་ཡིད་སེམས་རབ་ཏུ་བཀུག

ཐེངས་འདིའི་ཤན་འདན་སྟག་སེང་ཁ་སྤྲོད་ཅེས་པའི་གར་སྟེགས་ཟློས་གར་འདིས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ལ་བླ་ན་མེད་པའི་ལོངས་སྤྱོད་གྱ་ནོམ་པ་བསྩལ་ཡོད་པ་མ་ཟད། རབ་མཛེས་མཚོ་སྔོན་གྱི་སྐྱིད་པའི་འཚོ་བ་གར་ཏུ་བཞེངས་ཤིང་། ཀྲུང་ཧྭའི་རིག་གནས་བསྐྱར་དར་གྱི་ཕྱོགས་སུ་སྐུལ་འདེད་ཀྱི་ནུས་པ་བླ་ལྷག་ཐོན་ཡོད།