ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་སྐབས་སུ་ཞིང་ཆེན་ཡོངས་ཀྱི་མེ་འགོག་མེ་གསོད་གནས་བབ་སྤྱིའི་ཆ་ནས་བརྟན་བརླིང་ཡིན།
2023.10.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

ཟླ་བཅུ་པའི་ཚེས་བདུན་ཉིན། གསར་འགོད་པས་ཞིང་ཆེན་མེ་འགོག་མེ་གསོད་མྱུར་སྐྱོབ་སྤྱིའི་རུ་ཁག་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་སྐབས་སུ། རང་ཞིང་གི་མེ་འགོག་མེ་གསོད་གནས་བབ་སྤྱིའི་ཆ་ནས་བརྟན་བརླིང་ཡིན། ཟླ་བཅུ་པའི་ཚེས་དྲུག་ཉིན་གྱི་ནམ་གུང་གི་དུས་ཚོད་བཅུ་གཉིས་བར། ཞིང་ཆེན་ཡོངས་སུ་བསྡོམས་པས་ཉེན་བརྡ་ང་དགུ་འབྱོར་བ་དང་། མེ་གསོད་རླངས་འཁོར་ཐེངས་བརྒྱ་དང་སོ་ལྔ་བཀོད་སྒྲིག་བྱས་ལ། མེ་གསོད་མྱུར་སྐྱོབ་མི་སྣ་ཐེངས་དྲུག་བརྒྱ་དང་ཉེར་གཅིག་བཀོད་སྒྲིག་བྱས་པ་དང་། གནོད་ཐེབས་མང་ཚོགས་བཅུ་གཉིས་མྱུར་སྐྱོབ་བྱས་ལ། མང་ཚོགས་བརྒྱ་དང་གྱ་བདུན་གནས་སྤར།

དུས་ཆེན་སྐབས་སུ། ཡུལ་སྐོར་ལྗོངས་རྒྱུ་ཁུལ་དང་ཚོང་ར། ཁྲོམ་ར་བཅས་ཀྱིས་རྟེན་འབྲེལ་ཞུ་བའི་བྱ་འགུལ་སྤེལ་བའི་རྐྱེན་གྱིས། རིགས་མི་འདྲ་བའི་ཉེན་ཁ་སྣ་ཚོགས་འབྱུང་ཚད་ཇེ་མང་དུ་སོང་བ་དང་། མེ་འགོག་མེ་གསོད་བདེ་འཇགས་ཀྱི་གནས་བབ་ཐད་ནས་རྙོང་འཛིང་ཆེ་བར་གྱུར། ཞིང་ཆེན་ཡོངས་ཀྱི་མེ་འགོག་མེ་གསོད་བདེ་འཇགས་གནས་བབ་བརྟན་བརླིང་ཡོང་བར་ཁག་ཐེག་བྱེད་ཆེད། ས་ཆ་སོ་སོའི་མེ་འགོག་མེ་གསོད་སྡེ་ཁག་གིས་དུས་ཆེན་སྐབས་ཀྱི་བྱ་འགུལ་དང་ཡུལ་སྐོར་ལྗོངས་རྒྱུ་ཁུལ། དམངས་སྲོལ་མགྲོན་ཁང་། བཟའ་བཏུང་རྩེད་འཇོ་སོགས་ཀྱི་གཙོ་གནད་ཡུལ་གནས་གཙིགས་སུ་བཟུང་ནས། བསྡོམས་པས་ཞིབ་བཤེར་ཚན་ཆུང་བཞི་བརྒྱ་དང་ལྔ་བཅུ་ལྷག་མངགས་པ་དང་། ལས་ཁུངས་དགུ་བརྒྱ་དང་དྲུག་ཅུ་ལྷག་ལ་ཞིབ་བཤེར་བྱས་ཤིང་། མེ་སྐྱོན་ཉེན་ཁ་ཡོད་ས་སྟོང་གཅིག་དང་སུམ་བརྒྱ་དང་བཅུ་ལྷག་གིས་དག་ཐེར་ལེགས་བཅོས་བྱེད་རྒྱུའི་སྐུལ་འདེད་བཏང་། དེ་དང་མཉམ་དུ། མྱུར་སྐྱོབ་མི་སྣ་མངགས་ནས་འཁོར་རྒྱུག་སྐོར་ཞིབ་དང་བཅའ་སྡོད་ལས་རེས་བྱས་པ་དང་། ལུགས་དང་མཐུན་པའི་སྒོ་ནས་སྟོབས་ཤུགས་བཀོད་སྒྲིག་བྱས་ལ། གཙོ་གནད་ས་ཁུལ་དུ་ལས་རེས་བྱེད་ས་ཉེར་ལྔ་བཙུགས་པ་དང་། བཀོད་འཐབ་པ་མི་ཐེངས་རེ་གསུམ་དང་མེ་འགོག་མེ་གསོད་རླངས་འཁོར་ཐེངས་ཉེར་དྲུག་མངག་ནས་ཡུལ་གནས་བཅའ་སྡོད་ལས་སྲུང་བྱས།

དེ་ལས་གཞན། རིམ་པ་སོ་སོའི་མེ་འགོག་མེ་གསོད་སྡེ་ཁག་གིས་དུས་ཆེན་སྐབས་ཀྱི་མི་མང་བ་དང་དངོས་སྐྱེལ་བྱེད་ཚད་མང་བའི་ཁྱད་ཆོས་བེད་སྤྱད་དེ། མེ་འགོག་མེ་གསོད་དྲིལ་སྒྲོག་སློབ་གསོ་སྤེལ་ནས། དུས་ཐོག་ཏུ་མེ་འགོག་མེ་གསོད་རྒྱུན་ཤེས་དང་བདེ་འཇགས་གསལ་འདེབས་ཁྱབ་བསྒྲགས་བྱས་པ་དང་། དཔེ་མཚོན་མེ་སྐྱོན་ཉེན་བརྡ་སྤེལ་ནས། མི་དམངས་མང་ཚོགས་ཀྱི་མེ་འགོག་བདེ་འཇགས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་ཉེན་གཡོལ་རང་སྐྱོབ་རྩལ་ནུས་མཐོར་འདེགས་གཏོང་བར་སྣེ་ཁྲིད་བྱས། བསྡོམས་རྩིས་ལྟར་ན། ས་ཆ་སོ་སོས་བསྡོམས་པས་རིགས་མི་འདྲ་བའི་མེ་འགོག་མེ་གསོད་དྲིལ་སྒྲོག་བྱ་འགུལ་ཐེངས་སུམ་བརྒྱ་དང་བཅུ་གཉིས་ལ་སྤེལ་བ་དང་། བསྒྲགས་ཡིག་འབུམ་གཅིག་དང་ཁྲི་གསུམ་ལྷག་བཀྲམས་ལ། མེ་འགོག་དྲིལ་སྒྲོག་དངོས་པོ་སྟོང་བདུན་ལྷག་བྱིན།

རིན་ཆེན་མཚོས་བསྒྱུར།