ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་སྐབས་སུ་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་བརྟན་འཇགས་ཡིན་ཞིང་བདེ་འཇགས་སྒྲིག་ལམ་ཧ་ཅང་བཟང་།
2023.10.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་སྐབས་སུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། སྤྱི་བདེ་པུའུ་བཅས་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་སྟེ། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ས་སྲུང་འགན་འཁྲི་འཁུར་རྒྱུ་རྒྱུན་འཁྱོངས་བྱས་ཏེ་འགན་འཁྲི་དང་ལས་འགན་ལྷག་བསམ་རྣམ་དག་ངང་སྒྲུབ་པ་དང་། སྤྱི་ཚོགས་ཀྱི་བདེ་འཇགས་སྒྲིག་ལམ་རྒྱུན་མཐུད་ངང་བརྟན་པོ་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱེད་པ། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་བདེ་འཇགས་དང་བརྟན་ལྷིང་ཡིན་པ། མི་དམངས་མང་ཚོགས་ཀྱིས་དུས་བདེ་དང་འཆམ་མཐུན་གྱི་རྣམ་པའི་ཁྲོད་དུས་ཆེན་རོལ་བར་འགན་སྲུང་བྱས།

དུས་ཆེན་དང་གུང་གསེང་སྐབས་སུ་ཞིང་ཆེན་སྤྱི་བདེ་ཐིན་གྱིས་ཉིན་རེར་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་ནས་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་དང་ལས་རེས་འགོ་ཁྲིད་ཆུ་ཚོད་ཉེར་བཞིའི་རིང་ལས་གནས་སུ་སྡོད་པ་དང་། རིམ་པ་སོ་སོའི་བཀོད་འདོམས་ལྟེ་གནས་ཆུ་ཚོད་ཉེར་བཞིའི་རིང་མཚམས་མི་ཆད་པར་འཁོར་སྐྱོད་བྱེད་པ། སྤྱི་ཚོགས་ཀྱི་བདེ་འཇགས་སྔོན་འགོག་ཚོད་འཛིན་ཆུ་ཚོད་ཉེར་བཞིའི་རིང་སྤེལ་བ་བཅས་བྱས་ནས་ལས་རེས་ལས་སྒྲུབ་དང་། ཁྲོམ་ལམ་སྐོར་སྐྱོད་སྲུང་འཛིན། ལས་རེས་བརྟན་སྲུང་སོགས་ལས་དོན་ཁག་རྒྱུན་ལྡན་ལྟར་འཁོར་སྐྱོད་ཐུབ་པར་འགན་ལེན་བྱས། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅོས་སྐྱོང་བྱ་འགུལ་ཏན་ཏིག་ངང་སྤེལ་བ་དང་། ལམ་ངོས་ཀྱི་ཁྲིམས་འཛིན་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཐལ་ཆེ་བའི་གནམ་གཤིས་ཀྱི་ཆ་རྐྱེན་འོག་གཞུང་ལམ་རོགས་སྐྱོབ་གྲ་སྒྲིག་གཙོ་གནད་ཐོག་ཡག་པོར་སྒྲུབ། དུས་ཆེན་དང་གུང་གསེང་སྐབས་སུ་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཉེན་རྟོག་པ་མི་ཐེངས་སྟོང་དགུ་ལྷག་མངགས་གཏོང་བྱས་པ་དང་། ཉེན་རྟོག་པའི་རླངས་འཁོར་ཉིས་བརྒྱ་གྱ་ལྔ་བཏང་ལ། འགྲིམ་འགྲུལ་དོ་དམ་གྱི་ཁྲིམས་འཛིན་ཞིབ་བཤེར་ས་ཚིགས་ཞེ་དྲུག་ལག་བསྟར་བྱས་ནས་ཞིང་ཆེན་ཡོངས་སུ་འགྲིམ་འགྲུལ་དོན་རྐྱེན་ཆེན་པོ་མེད་པ་དང་། ཁྱོན་ཆེ་བ་དང་དུས་ཡུན་རིང་པོའི་ནང་གཞུང་ལམ་འགྲིམ་འགྲུལ་འགག་པ་སོགས་ཀྱི་གནས་ཚུལ་མི་འབྱུང་བར་འགན་ལེན་བྱས། ལས་སྒྲུབ་ཉེན་རྟོག་པ་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་ལུགས་མཐུན་བྱེད་པ་དང་། སྒྲིག་ཁྲིམས་ཀྱི་གཏན་འབེབས་ཁག་དོན་འཁྱོལ་ཏན་ཏིག་བྱེད་པ། ཉེན་རྟོག་ལྟ་ཞིབ་སྡེ་ཁག་གིས་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་པ། ལས་རེས་འགོ་ཁྲིད་ཀྱིས་ལས་རེས་ལས་སྒྲུབ་དང་གཙོ་གནད་ཁུལ་གྱི་ཉེན་རྟོག་པ་བཀོད་སྒྲིག་བྱེད་པ། གལ་ཆེའི་དོན་གནད་སྙན་ཞུ་དོན་འཁྱོལ་བྱེད་པ། ཐོལ་བྱུང་གནས་ཚུལ་ལ་ཁ་གཏད་འཇལ་བ་དང་ཐག་གཅོད་བྱེད་པ་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱ་རྒྱུ་དམ་འཛིན་བཅས་བྱས་ནས་དམིགས་ཚད་ཀྱི་བླང་བྱ་ཇེ་དམའ་རུ་མི་འགྲོ་བ་དང་ལས་དོན་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་འགན་སྲུང་བྱས།

ཤ་བོ་གསེར་མཚོས་བསྒྱུར།