འགན་སྲུང་རང་བཞིན་གྱི་སྡོད་ཁང་ལ་ཁྲལ་དངུལ་ཇེ་ཉུང་དང་མེད་པར་གཏོང་བའི་སྲིད་ཇུས་ལག་བསྟར་བྱས།
2023.10.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཉེ་ལམ། ནོར་སྲིད་པུའུ་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་བཅས་ཀྱིས་དངོས་སུ་སྤྱི་བསྒྲགས་སྤེལ་ཏེ། འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད། ད་ལོའི་ཟླ་བཅུ་པའི་ཚེས་གཅིག་ཉིན་ནས་བཟུང་། འགན་སྲུང་རང་བཞིན་གྱི་སྡོད་ཁང་ལས་གཞི་འཛུགས་སྐྲུན་ཐད་སྤྱོད་པའི་ས་ཆའི་ངོས་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་ས་ཆ་བེད་སྤྱོད་དཔྱ་ཁྲལ་མེད་པར་གཏོང་རྒྱུ་དང་། འགན་སྲུང་རང་བཞིན་གྱི་སྡོད་ཁང་གཉེར་སྐྱོང་དོ་དམ་ལས་ཁུངས་དང་འགན་སྲུང་རང་བཞིན་གྱི་སྡོད་ཁང་དང་འབྲེལ་བ་ཡོད་པའི་སྦྱར་ཁྲལ་དང་། དེ་བཞིན་འགན་སྲུང་རང་བཞིན་གྱི་སྡོད་ཁང་ཉོ་སྒྲུབ་བྱེད་མཁན་དང་འབྲེལ་བ་ཡོད་པའི་སྦྱར་ཁྲལ་བཅས་མེད་པར་གཏོང་རྒྱུ་བྱས་ཡོད།

སྤྱི་བསྒྲགས་ནང་ཁེ་ལས་དང་མི་དོན་ལས་ཁུངས་དང་སྤྱི་ཚོགས་ཚོགས་པ། དེ་བཞིན་རྩ་འཛུགས་གཞན་དག་བཅས་ཀྱིས་ཁང་བ་རྙིང་བ་བཙོང་རྒྱུ་དེ་འགན་སྲུང་རང་བཞིན་གྱི་སྡོད་ཁང་གི་ཁོངས་སུ་བཞག་པར་མ་ཟད། གནས་ཐང་འཕར་བའི་དངུལ་གྲངས་དེ་འཐེན་བྱའི་ལས་གཞིའི་དངུལ་གྲངས་ཀྱི་བརྒྱ་ཆའི་ཉི་ཤུ་ལས་བརྒལ་མེད་པའི་རིགས་ལ། ས་ཆའི་འཕར་སྣོན་དཔྱ་ཁྲལ་མེད་པར་གཏོང་རྒྱུ་དང་། འགན་སྲུང་རང་བཞིན་གྱི་སྡོད་ཁང་གཉེར་སྐྱོང་དོ་དམ་ལས་ཁུངས་ཀྱིས་འགན་སྲུང་རང་བཞིན་གྱི་སྡོད་ཁང་ཕྱིར་ཉོ་བྱས་པའི་རིགས་མུ་མཐུད་འགན་སྲུང་རང་བཞིན་གྱི་སྡོད་ཁང་གི་ཁོངས་སུ་བརྩིས་ཏེ། གན་རྒྱའི་དཔྱ་ཁྲལ་མེད་པར་བཟོས།  མི་སྒེར་གྱིས་འགན་སྲུང་རང་བཞིན་གྱི་སྡོད་ཁང་ཉོ་སྐབས། ཁྲལ་ཚད་བརྒྱ་ཆའི་གཅིག་གིས་ཇེ་ཉུང་དུ་བཏང་ནས་གན་རྒྱའི་དཔྱ་ཁྲལ་བསྡུ་ལེན་བྱེད་དགོས་བཅས་ཁ་གསལ་བཟོས་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།