
ད་ལོའི་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་སྐབས་སུ། མཚོ་སྔོན་གྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ས་ཡ་གཉིས་དང་འབུམ་དྲུག་སྣེ་ལེན་བྱས་པ་དང་། ཡུལ་སྐོར་སྤྱིའི་ཡོང་སྒོ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་བཞི་བྱེ་བ་བཞི་ལ་སླེབས་ལ། 2019ལོའི་དུས་ཆེན་སྐབས་ཀྱི་བརྒྱ་ཆའི་གྱ་དྲུག་དང་བརྒྱ་ཆའི་དོན་དྲུག་དང་གྲངས་ཆུང་ལྔར་སླ་རུ་སླེབས་ནས། ཡུལ་སྐོར་ཚོང་ར་བརྟན་བརླིང་ངང་སླར་གསོ་བྱས། དེའི་ཁྲོད། ཞིང་ཆེན་ཕྱིའི་ཡུལ་སྐོར་བའི་སྤྱིའི་གྲངས་ཀ་མི་ཐེངས་འབུམ་བརྒྱད་དང་ཁྲི་གསུམ་ལ་སླེབས་པ་དང་། ཟིན་ཚད་བརྒྱ་ཆའི་སོ་གཉིས་ལ་སླེབས། ཞིང་ཆེན་ཡོངས་ཀྱི་མགྲོན་ཁང་ལས་རིགས་ཀྱི་ཆ་སྙོམས་ཀྱི་ཞག་སྡོད་ཚད་བརྒྱ་ཆའི་བདུན་ཅུ་ལ་སླེབས་པ་དང་། 2019ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ལྔ་དང་གྲངས་ཆུང་ལྔ་འཕར་སྣོན་བྱུང་།
གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར། དུས་ཆེན་གཉིས་ཀྱི་ཉིན་བརྒྱད་ཀྱི་གནང་བའི་སྐབས་སུ། སྔོན་མའི་ཉིན་བཞི་ལ་ཁྱིམ་མི་དང་ལྷན་འཛོམས་བྱེད་པ་དང་རྗེས་མའི་ཉིན་བཞི་ལ་ཡུལ་སྐོར་ལ་འགྲོ་བའི་ཁྱད་ཆོས་ཅུང་མངོན་གསལ་ཡིན། བརྟག་བཤེར་ལས་མངོན་པ་ལྟར་ན། ཡུལ་སྐོར་ཐད་ནས་མྱུར་བགྲོད་མེ་འཁོར་དང་རང་ཉིད་ཀྱིས་རླངས་འཁོར་བསྐོར་ནས་ཡུལ་སྐོར་ལ་འགྲོ་བ་དེའི་བརྒྱ་ཆའི་རེ་བདུན་དང་གྲངས་ཆུང་གསུམ་གསུམ་ཟིན། དེ་དང་མཉམ་དུ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་ཐུན་དཔེ་མཛོད་ཁང་དང་རིག་གནས་ཁང་། རྟེན་མཛོད་གླིང་དུ་མང་ཚོགས་ཀྱི་རིག་གནས་བྱ་འགུལ་ཐེངས་ཉིས་བརྒྱ་དང་དྲུག་ཅུ་སྤེལ་བ་དང་། འགྲེམ་སྟོན་ཐེངས་རེ་བཞི་བཤམས་ལ། མང་ཚོགས་མི་ཐེངས་ས་ཡ་གཅིག་དང་འབུམ་གསུམ་ཁྲི་བརྒྱད་སྟོང་གསུམ་ལ་ཞབས་འདེགས་ཞུས། བརྟག་བཤེར་ལས་མངོན་པ་ལྟར་ན། ཡུལ་སྐོར་བ་བརྒྱ་ཆའི་རེ་དྲུག་ལྷག་གིས་མི་གཞུང་ཡུལ་སྐོར་ལྗོངས་རྒྱུ་ཁུལ་ལ་ལྟ་སྐོར་བྱས་པ་དང་། ཡུལ་སྐོར་བ་བརྒྱ་ཆའི་ང་དགུ་ལྷག་གིས་ལོ་རྒྱུས་རིག་གནས་ཁྲོམ་སྲང་ལ་ལྟ་སྐོར་བྱས་ལ། བརྒྱ་ཆའི་ཞེ་གཅིག་ལྷག་གིས་རྟེན་མཛོད་གླིང་ལ་ལྟ་སྐོར་བྱས།
མཚོ་སྔོན་པོ་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་འབུམ་གཅིག་དང་ཁྲི་གཅིག་སྟོང་དགུ་བརྒྱ་སྣེ་ལེན་བྱས་པ་དང་། སྒོ་བྱང་གི་སྤྱིའི་ཡོང་སྒོ་སྒོར་ས་ཡ་བདུན་དང་འབུམ་བདུན་ཁྲི་གསུམ་སྟོང་དགུ་ལྔ་བརྒྱར་སླེབས། ཚྭ་ཁ་ཚྭ་མཚོ་ལྗོངས་རྒྱུ་ཁུལ་གྱིས་ཡུལ་སྐོར་བ་འབུམ་གཅིག་དང་ཁྲི་ལྔ་སྟོང་བདུན་དགུ་བརྒྱ་སྣེ་ལེན་བྱས་པ་དང་། དེ2019ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བཅུ་དང་གྲངས་ཆུང་བདུན་འཕར་སྣོན་བྱུང་། ཚྭ་འདམ་ཆེ་བའི་གཡུ་མཚོ་ཡིས་ཡུལ་སྐོར་བ་ཁྲི་དྲུག་དང་སྟོང་བཞི་སྣེ་ལེན་བྱས་པ་དང་། དེ2019ལོའི་དུས་ཆེན་སྐབས་ཀྱི་ལྡབ་གཅིག་དང་གྲངས་ཆུང་བརྒྱད་ལ་སླེབས། ཚྭ་ཁམས་ཚྭ་མཚོས་ཡུལ་སྐོར་བ་ཁྲི་གསུམ་དང་སྟོང་བརྒྱད་སྣེ་ལེན་བྱས་པ་དང་། 2019ལོའི་དུས་ཆེན་སྐབས་ཀྱི་ལྡབ་ཉེར་བརྒྱད་ལ་སླེབས་པ་དང་། ཝུའུ་སི་ཐི་ཆུ་ཐོག་ཡཱ་ཏན་གྱིས་ཡུལ་སྐོར་བ་ཁྲི་གསུམ་དང་སྟོང་དྲུག་སྣེ་ལེན་བྱས་ནས། དེ2019ལོའི་དུས་ཆེན་སྐབས་ཀྱི་ལྡབ་བཞི་དང་གྲངས་ཆུང་བདུན་ལ་སླེབས་ཡོད།
ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོས་གཟུགས་འདས་ཤུལ་བཞག་དང་ཡུལ་སྐོར་ཟུང་འབྲེལ་དང་རོལ་དབྱངས་དང་ཡུལ་སྐོར་ཟུང་འབྲེལ། འགྲན་བསྡུར་དང་ཡུལ་སྐོར་ཟུང་འབྲེལ། སྒྱུ་རྩལ་དང་ཡུལ་སྐོར་ཟུང་འབྲེལ། དམངས་སྲོལ་དང་ཡུལ་སྐོར་ཟུང་འབྲེལ་བྱེད་པ་སོགས་མཉམ་བསྲེས་བྱེད་པར་དོ་སྣང་བྱས་པ་དང་། ཡུལ་སྐོར་ཡུལ་གནས་གསར་བ་གསར་སྐྲུན་བྱས་ནས། རིག་གནས་ཡུལ་སྐོར་ཐད་ཀྱི་འཛད་སྤྱོད་ལ་སྐུལ་འདེད་བཏང་། སྐུ་འབུམ་དགོན་པ་དང་རི་བོ་ཉི་ཟླ། མཚོ་སྔོན་པོ། རྒྱལ་ཁབ་ས་གཤིས་སྤྱི་གླིང་སོགས་ལྗོངས་རྒྱུ་ཁུལ་གྲགས་ཅན་དང་མཚོན་རྟགས་རང་བཞིན་ལྡན་པའི་བཟོ་སྐྲུན་དངོས་པོ་བེད་སྤྱད་དེ་འགྲན་བསྡུར་གྱི་ལམ་ཐིག་བཙུགས་ནས། ཁ་ཕྱོགས་གཏན་ཁེལ་བྱས་པའི་འགྲན་བསྡུར་དང་རྐང་ཐང་ལ་འགྲོ་བའི་འགྲན་བསྡུར། རླངས་འཁོར་བསྐོར་བའི་ཡུལ་སྐོར་སོགས་བྱ་འགུལ་སྤེལ་ནས། ལུས་རྩལ་དང་ཡུལ་སྐོར། རིག་གནས་མཉམ་བསྲེས་ཀྱི་ཉམས་ལེན་ཕུན་སུམ་ཇེ་ཚོགས་སུ་བཏང་།
རིན་ཆེན་མཚོས་བསྒྱུར།