ཟླ་བཅུ་བའི་ཚེས་དྲུག་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་དམངས་སྲིད་ཐིན་གྱིས་ཞིང་ཆེན་ནོར་སྲིད་ཐིན་དང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་སློབ་གསོ་ཐིན་བཅས་དང་མཉམ་དུ་རྒན་གསོ་ཞབས་ཞུའི་འཇོན་མིའི་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་བསམ་འཆར་གཏན་འབེབས་བྱས་ཏེ་བཏོན། དེ་ནི་རང་ཞིང་གི་རྒན་གསོ་ཞབས་ཞུའི་འཇོན་མིའི་དཔུང་སྡེའི་འཛུགས་སྐྲུན་གྱི་ཆེད་དོན་སྲིད་ཇུས་ཡིག་ཆ་ཐོག་མ་ཡིན་པ་དང་། བརྗོད་དོན་སློབ་གསོའི་གྲུབ་འབྲས་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་བ་དང་རྒན་གསོ་ཞབས་ཞུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེ་བྲག་གི་བྱེད་ཐབས་ཤིག་ཡིན་པར་མ་ཟད། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རྒན་གསོ་ཞབས་ཞུའི་རྣམ་པ་གསར་བསྐྲུན་དང་རྒན་གསོ་ཞབས་ཞུའི་སྤྱི་ཕྱོགས་ཀྱི་ཆུ་ཚད་མཐོར་འདེགས་བྱེད་པའི་དོན་དངོས་ཀྱི་འགུལ་སྐྱོད་ཅིག་ཡིན།
ལག་བསྟར་བསམ་འཆར་དེའི་དམིགས་ཡུལ་ནི་སྟེང་གི་བཀོད་པ་ལེགས་བསྒྱུར་བྱས་ནས་སྔར་ལས་ལྷག་པའི་སྒོ་ནས་རྒན་གསོ་ཞབས་ཞུའི་འཇོན་མིའི་གསོ་སྐྱོང་དང་བེད་སྤྱོད། གདེང་འཇོག སྐུལ་ལྕག་བཅས་ཀྱི་ལམ་ལུགས་འཐུས་ཚང་དུ་བཙུགས་ཏེ། བསྟུད་མར་རྒན་གསོ་ཞབས་ཞུའི་འཇོན་མིའི་དཔུང་སྡེའི་འཕེལ་རྒྱས་སྲིད་ཇུས་ལེགས་བཅོས་བྱེད་པའི་ཁོར་ཡུག་དང་། ལས་རིགས་ཁོར་ཡུག སྤྱི་ཚོགས་ཁོར་ཡུག སྔར་ལས་ལྷག་པའི་སྒོ་ནས་རིག་གནས་ཆུ་ཚད་མཐོ་བ་དང་ཆེད་ལས་ནུས་པ་ལྡན་པ། དོ་དམ་ཉམས་མྱོང་ཕུན་སུམ་ཚོགས་པའི་གསོ་གསོ་ཞབས་ཞུའི་དཔུང་སྡེ་ཞིག་གསར་བསྐྲུན་བྱས་ཐོག རང་ཞིང་གི་རྒྱ་ཆེའི་རྒན་རྒོན་དག་གི་འཕར་སྣོན་འབྱུང་བཞིན་པའི་སྣ་མང་ཅན་དང་རིམ་མང་ཅན། སྤུས་ཚད་མཐོ་བའི་རྒན་གསོ་ཞབས་ཞུའི་དགོས་མཁོ་སྐོང་བའི་ཆེད་དུ་རེད།
ཞིང་ཆེན་དམངས་སྲིད་ཐིན་གྱིས་རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས་རིམ་པ་སོ་སོའི་ནོར་སྲིད་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་ཁུངས། སློབ་གསོའི་སྡེ་ཁག་བཅས་ཀྱི་བར་འབྲེལ་འདྲིས་མཐུན་སྦྱོར་བྱས་ཏེ། རྒན་གསོ་ཞབས་ཞུའི་འཇོན་མིའི་འཕེལ་རྒྱས་འཆར་འགོད་སྒྲིག་ལུགས་དང་། སྲིད་ཇུས་ཚད་གཞིའི་གཏན་འབེབས། བྱེད་སྒོའི་མཛུབ་སྟོན། རྩལ་ནུས་ཆུ་ཚད་ཀྱི་གདེང་འཇོག རྒན་གསོ་ཞབས་ཞུའི་ཆེད་ལས་སློབ་གསོ། ཆེད་ལས་བཀོད་སྒྲིག འཇོན་མིའི་གསོ་སྐྱོང་བཅས་ཀྱི་བྱ་བ་བཟང་བོར་བསྒྲུབས་པ་དང་། ཁ་གསབ་དང་སྐུལ་ལྕག་སྲིད་ཇུས་དངོས་འབེབས་བྱེད་པ་དང་། མ་དངུལ་གྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱས་ཏེ། ལག་བསྟར་བསམ་འཆར་དངོས་འབེབས་བྱས་ནས་ཕན་འབྲས་ཐོན་པར་འགན་སྲུང་བྱེད་རྒྱུ་རེད། ལོ་ལྔའི་འཆར་གཞི་བཅུ་བཞི་བའི་མཇུག་བར་དུ། ཞིང་ཆེན་ཡོངས་སུ་རྒན་གསོ་ལས་ཁུངས་ཀྱི་ཡོན་ཀྲང་གསོ་སྐྱོང་བྱས་ཚད་བརྒྱ་ཆའི་བརྒྱར་བསླེབ་པ་དང་། རྒན་གསོའི་བདག་སྐྱོང་མཁན་གྱི་ལས་ཞུགས་སྔོན་གྱི་མེ་གསོད་བདེ་འཇགས་གསོ་སྦྱོང་བྱས་ཚད་བརྒྱ་ཆའི་གོ་ལྔའི་ཡན་ལ་བསླེབ་པ། སྡེ་ཁུལ་དུ་ཡོད་པའི་རྒན་པར་ཞབས་ཞུ་བདག་སྐྱོང་བྱེད་མཁན་གསོ་སྦྱོང་བྱས་པའི་མི་གྲངས་མི་སྟོང་གཅིག་ལ་བསླེབ་པ། སྡེ་ཁུལ་གྱི་རྒན་པ་སྟོང་གཅིག་དང་རྒན་གསོ་ལས་ཁུངས་ཀྱི་མལ་ཁྲི་བརྒྱ་ལ་སྤྱི་ཚོགས་བྱ་བ་བྱེད་མཁན་གཅིག་རེ་བཀོད་སྒྲིག་བྱེད་པ་བཅས་མངོན་འགྱུར་བྱེད་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།