རང་ཞིང་གི་ལས་ཁུངས་བཞི་བརྒྱ་དང་གོ་གསུམ་རྒྱལ་ཡོངས་ཀྱི་སྐོར་ཐེངས་གསུམ་པའི་གྲོན་ཆུང་རྣམ་པ་ཅན་གྱི་ལས་ཁུངས་སུ་བདམས།
2023.10.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་བཅུ་བའི་ཚེས་བརྒྱད་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་སྔོན་རྒྱལ་ཁབ་ལས་ཁུངས་ལས་དོན་དོ་དམ་ཅུའུ་དང་ཀྲུང་གུང་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ལས་དོན་དོ་དམ་ཅུའུ། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། ནོར་སྲིད་པུའུ་བཅས་ཀྱིས་མཉམ་འབྲེལ་གྱིས་རྒྱལ་ཡོངས་ཀྱི་སྐོར་ཐེངས་གསུམ་པའི་གྲོན་ཆུང་རྣམ་པ་ཅན་གྱི་ལས་ཁུངས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་རྫོང་རིམ་པ་དང་དེའི་ཡན་གྱི་ཏང་སྲིད་ལས་ཁུངས་བཞི་བརྒྱ་དང་གོ་གསུམ་གསར་འཛུགས་ཚད་གཞིར་བསླེབས་ནས། གྲོན་ཆུང་རྣམ་པ་ཅན་གྱི་ལས་ཁུངས་ཞེས་པའི་མཚན་སྙན་གནང་ཡོད། མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱི་བརྒྱ་ཆའི་བརྒྱད་ཅུའི་ཡན་གྱི་རྫོང་རིམ་པ་དང་དེའི་ཡན་གྱི་ཏང་སྲིད་ལས་ཁུངས་དག་གྲོན་ཆུང་རྣམ་པ་ཅན་གྱི་ལས་ཁུངས་སུ་གསར་འཛུགས་བྱས་ཏེ། རྒྱལ་ཁབ་ཀྱི་ལྷད་མེད་འཚོ་བའི་གསར་འཛུགས་འགུལ་སྐྱོད་ཀྱི་སྤྱིའི་ཇུས་གཞི་ལས་གཏན་འབེབས་བྱས་པའི་དུས་རིམ་རང་བཞིན་གྱི་དམིགས་འབེན་ལས་འགན་སྔ་ལྷག་གིས་ཡོངས་འགྲུབ་བྱས།

ཉེ་བའི་ལོ་འགའི་རིང་ལ། རང་ཞིང་གི་རིམ་པ་སོ་སོའི་ཏང་སྲིད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་གཏིང་ཟབ་ཏུ་ལག་བསྟར་བྱས་ཤིང་། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་སྤྱི་བའི་ལས་ཁུངས་ཀྱི་ནུས་ཁུངས་དང་ཐོན་ཁུངས་གྲོན་ཆུང་བྱེད་པའི་བྱ་བ་ཏན་ཏིག་གིས་སྤེལ་ནས། ལས་ཁུངས་ཀྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། ལས་ཁུངས་ཀྱི་གཞུང་སྒྲུབ་དང་ཚོགས་རའི་གྲོན་ཆུང་དོ་དམ་ལ་ཤུགས་སྣོན་བྱེད་པ། ཕྱོགས་ཡོངས་ནས་ལས་ཁུངས་ཀྱི་ནུས་གྲོན་བཅོས་བསྒྱུར་བྱ་བ་ལག་བསྟར་བྱེད་པ་དང་། རིམ་པ་སོ་སོའི་ལས་བྱེད་པ་དང་ལས་བཟོ་བའི་གྲོན་ཆུང་འདུ་ཤེས་དང་ཁོར་སྲུང་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། ལྷད་མེད་དང་ཐཱན་ཉུང་གི་གཞུང་སྒྲུབ་ཁོར་ཡུག་བཟང་བོ་ཞིག་གསར་བསྐྲུན་བྱེད་པ་དང་། ཕན་ནུས་ལྡན་པའི་སྒོ་ནས་གྲོན་ཆུང་རྣམ་པ་ཅན་གྱི་ལས་ཁུངས་གསར་འཛུགས་བྱ་བ་དངོས་འབེབས་བྱས་ནས་ཕན་འབྲས་ཐོབ་པར་བྱས་ཡོད།

རང་ཞིང་གིས་གྲོན་ཆུང་རྣམ་པ་ཅན་གྱི་ལས་ཁུངས་གསར་འཛུགས་བྱ་བར་སྐུལ་འདེད་གཏོང་བ་གོ་སྐབས་སུ་བྱས་ཤིང་། ལྷད་མེད་འཕེལ་རྒྱས་འདུ་ཤེས་གཏིང་ཟབ་ཏུ་ལག་བསྟར་བྱེད་པ་དང་། ཆབ་སྲིད་ལངས་གནས་མཐོར་འདེགས་དང་འགན་འཁྲིའི་ཁག་ཁུར་ལ་ཤུགས་སྣོན་པ། ཕྱོགས་ཡོངས་ནས་གསར་འཛུགས་ལས་འགན་ཕྱོགས་ཡོངས་ནས་སྲ་བརྟན་ལེགས་འགྲུབ་བྱེད་པའི་ཞོར་དུ། ཧུར་ཐག་སྒོས་ཕྱིར་བལྟས་བྱ་བ་སྤེལ་ནས། གསར་འཛུགས་ཁ་གྲངས་དང་སྤུས་ཚད་མཐོར་འདེགས་བྱེད་པར་བརྩོན་ལེན་དང་། ཐཱན་གཉིས་འཐབ་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བའི་བཀོད་སྒྲིག་ཁྲོད་སྣེ་ཁྲིད་དང་དཔེ་སྟོན་ནུས་པ་ཐོན་པར་བྱེད་དགོས།


བསོད་ནམས་ཚེ་རིང་གིས་བསྒྱུར།