ཉེ་ལམ། རྒྱལ་ཁབ་ཞིང་ལས་ཞིང་སྡེ་པུའུ་ཡིས་《ཞིང་ལས་ཞིང་སྡེ་པུའུ་གཞུང་སྒྲུབ་ཐིན་གྱིས་ཁྱབ་བསྒྲགས་བྱས་པའི་ཉིས་སྟོང་ཉེར་གསུམ་ལོའི་ཞིང་ལས་སྤུས་ལེགས་ཚོང་རྟགས་གསོ་སྐྱོང་བྱེད་པའི་མིང་ཐོའི་བརྡ་སྦྱོར》དཔར་ནས་བཀྲམས། མཚོ་བྱང་ཁུལ་གྱི་མདོ་ལའི་བོད་ལུག་དེ་རྒྱལ་ཡོངས་ཀྱི་ཉིས་སྟོང་ཉེར་གསུམ་ལོའི་ཞིང་ལས་སྤུས་ལེགས་ཚོང་རྟགས་གསོ་སྐྱོང་བྱེད་པའི་མིང་ཐོའི་ཁྲོད་དུ་ཚུད་པའི་ཞིང་ཆེན་ཡོངས་ཀྱི་ཚོང་རྟགས་གཅིག་པུ་རེད།
མདོ་ལའི་བོད་ལུག་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མདོ་ལ་རི་འདབས་ཀྱི་རྩྭ་ཐང་ཁུལ་ཁོངས་ཀྱི་སྤྱི་སྤྱོད་ཚོང་རྟགས་ཁྲོད་ཀྱི་ཁྱད་ལྡན་ཚོང་རྟགས་ཤིག་ཡིན། དུས་ཡུན་རིང་བོའི་ནང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་བོད་ལུག་ཐོན་ལས་དེ་གཙོ་ཁྲིད་ཐོན་ལས་ལྔའི་ཁྲོད་དུ་བཞག་སྟེ། “བོད་ལུག་གི་ཞིང་ཁམས”ཞེས་པའི་བཀོད་པ་དང་འདྲེས་པར་བྱས་ལ། “ཀྲུང་གོའི་བོད་ལུག་གི་ཕ་ས”ཞེས་པའི་མིང་བྱང་བསྐྲུན་པར་འབད་བརྩོན་བྱས། 《མཚོ་བྱང་ཁུལ་གྱི་བོད་ལུག་ཐོན་ལས་འཕེལ་རྒྱས་འཆར་གཞི》དང་《མདོ་ལའི་བོད་ལུག་གི་ཁྱད་ལྡན་ཐོན་རྫས་ཀྱི་དགེ་མཚན་ཁུལ་གསར་བསྐྲུན་འཆར་གཞི》གཏན་འབེབས་བྱས་ཤིང་། 《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མཐོ་སྒང་གི་བོད་ལུག་སྲུང་སྐྱོབ་སྲོལ་ཡིག》ཕྱིར་བཏོན་ནས། རིགས་རྒྱུད་གསོ་སྐྱོང་ཤུགས་དྲག་ཏུ་བཏང་བ་དང་། བོད་ལུག་རྒྱུད་སྤེལ་ས་ཚིགས་བཞི་དང་། ལྟེ་བའི་ཁྱུ་ཚོགས་བརྒྱ་དང་སོ་གཅིག་དང་ལུག་འབུམ་གཅིག་ལྷག་ཡོད་པས། ལོ་རེར་ཁུལ་ཕྱི་ནང་དུ་རྒྱུད་བཟང་ཁྲོམ་ཁྲི་གཅིག་ལྷག་བསྐྱལ་བཞིན་ཡོད་ལ། ཞིང་ཆེན་ནང་ཁུལ་གྱི་ཆེས་ཆེ་བའི་མཐོ་སྒང་གི་བོད་ལུག་རྒྱུད་སྤེལ་བྱེད་སའི་རྟེན་གཞི་རུ་གྱུར་ཡོད།
རྒྱུས་ལོན་པ་ལྟར་ན། མདོ་ལའི་བོད་ལུག་ལ་རྒྱལ་ཁབ་སྐྱེ་ལྡན་བདེན་དཔང་ཐོབ་ཡོད་ལ། རྐང་ཚའི་བོད་ལུག་དེ་རྒྱལ་ཡོངས་ཀྱི་རྫོང་གཅིག་ལ་ཁྱད་ཆོས་གཅིག་ཅན་གྱི་ཀྲུང་གོའི་ཚོང་རྟགས་ཀྱི་དཀར་ཆག་ཁྲོད་བཞག་ཡོད། ཁུལ་ཡོངས་ནས་ལོ་གཅིག་ལ་བོད་ལུག་ས་ཡ་གཅིག་དང་འབུམ་ལྔ་ལྷག་ཕྱིར་གཏོང་བྱེད་ཀྱིན་ཡོད་ལ། ཤའི་ཐོན་ཚད་ཏུན་ཁྲི་གཉིས་དང་བཞི་སྟོང་དྲུག་བརྒྱ་དང་། བོད་ལུག་གི་ཐོན་འབོར་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་ཡན་ལ་སླེབས་ཡོད། རོང་འབྲོག་མང་ཚོགས་ཀྱི་བརྒྱ་ཆའི་ལྔ་བཅུའི་ཡོང་འབབ་བོད་ལུག་ཐོན་ལས་ལ་བརྟེན་ནས་བྱུང་བ་ཡིན་ལ། བོད་ལུག་དཔལ་འབྱོར་དེ་མཚོ་བྱང་ཁུལ་གྱི་བརྟན་འཇགས་ཀྱི་དཔལ་འབྱོར་འཕར་སྣོན་བྱེད་ཡུལ་དུ་གྱུར་ཡོད།
རིག་འཛིན་སྒྲོལ་མས་བསྒྱུར།