ཐེ་བོ་རྫོང་གིས་འཕེལ་རྒྱས་ཀྱི“རྨང་གཞིར”ཇུས་འགོད་བྱས་ནས་དམངས་ཕྱུག“འཆར་གཞི”བཀོད་པ།
2023.10.12 ཁུངས། ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀློག་གྲངས། 17

མིག་སྔར་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐེ་བོ་རྫོང་དུ་སྟོན་བསྡུའི་ལས་ལ་བྲེལ་བའི་ཞིང་སྡེའི་ལྗོངས་རྣམ་ཞིག་མིག་ལ་ཐོགས་ནས་ཡོད་ཅིང་། རི་ཀླུང་ནི་གསེར་གྱི་བྱེ་མ་ས་ལ་གཏོར་འདྲའི་མདངས་ཀྱིས་ཕྱུག་པས། སེམས་པ་ནི་བདུད་རྩིས་མྱོས་པའི་ཡིད་ཀྱི་སྣང་བ་མཁའ་རུ་སྐྱོད་པའི་བྱེའུ་ཆུང་ཞིག་དང་ཀུན་ནས་མཚུངས་ལ། མཛེས་སྡུག་དེའི་དབང་གིས་རྫོང་ཡོངས་ཀྱི་གོང་འོག་ཚང་མས་ཚ་ཚ་འུར་འུར་ངང་ལས་གཏོད་བྱེད་པའི་ངར་ཤུགས་ལ་ནམ་ཡང་ཉམས་པ་མེད།“འཛིན་གསུམ་སྐུལ་གསུམ”གྱི་བྱེད་སྒོ་དག་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཞིབ་ཕྲར་འགྲོ་བཞིན་པའི་གཡུར་ཟའི་གྲུབ་འབྲས་དེ་ཡང་ཚོན་མདངས་བཀྲ་བའི་ཡིད་འོང་གི་རི་མོ་ཞིག་གི་ཚུལ་དུ་མི་རྣམས་ཀྱི་སྤྱན་སྔར་བཀྲམ་ནས་ཡོད།

     སྟོབས་ལ་ཤུགས་སྣོན་ཞན་ལ་སྐྱོར་མའི་རྨང་གཞི་བརྟན།། སྐྱེ་ཁམས་ནུས་ཤུགས་བསྩལ་ལ་སྟོབས་ཀྱིས་ཕྱུག་པ་ལེགས།། སྟོབས་ཅན་བརྟན་བརླིང་དུ་གཏོང་བ་དང་ཉམས་ཞན་སྐྱོར་མས་འདེགས་པས་འཕེལ་རྒྱས་ལ་སྙེག་པ་དམིགས་འབེན་དུ་བཟུང་སྟེ། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱ་རྒྱུ་དོན་འཁྱོལ་བྱེད་པ་དེ་དམངས་འཚོ་ལེགས་སུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་བསྐྲུན་རྒྱུར་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། དེ་སྔའི་རྨང་གཞིའི་ཐོ2023ལོར་ཐེ་བོ་རྫོང་གིས་བསྡོམས་པས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ23བསྐྲུན་པ་དེ་ཤང་དང་གྲོང་རྡལ7གྱི་ཁྱིམ་ཚང768ཀྱི་མི་གྲངས3907དང་འབྲེལ་ཡོད་ཅིང་། ལས་གཞིར་ཁྱོན་མ་དངུལ་སྒོར་ཁྲི19400བཏང་ཡོད། མིག་སྔའི་བར་སྒོར་ཁྲི10400ཡི་མ་རྐང་བཞག་ཡོད་ལ། ལས་གཞི་འགྲུབ་ཚད53.6%ཟིན་ཡོད་པས། སྔོན་དཔག་བྱས་ན་ཟླ10བའི་ཟླ་མཇུག་ཏུ་འཛུགས་སྐྲུན་ལས་འགན་ལེགས་སྒྲུབ་བྱ་རྒྱུ་རེད། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བའི་འཛུགས་སྐྲུན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་བ་དེས་ཁྱོན་ཡོངས་ནས་ཞིང་སྡེ་དར་རྒྱས་འགྲོ་རྒྱུར་འགན་ལེན་ནུས་ལྡན་བྱས་པས། རྒྱ་ཆེའི་མང་ཚོགས་རྣམས་ཀྱི་བདེ་སྣང་དང་ཡིད་ཚིམ་ཚད། ཐོབ་ཚོར་བཅས་ཆེ་རུ་ཕྱིན་ཡོད།
    ཏང་འཛུགས་སྣེ་ཁྲིད་བྱས་ལ་གྲུབ་འབྲས་གཡུར་ཟ་ཐོབ།། ཐོན་ལས་ཡར་ཐོན་བྱུང་བས་དར་རྒྱས་ལམ་ལ་སྐུལ།།  2023ལོར་མ་དངུལ་སྒོར་ཁྲི2000བཏང་ནས་ལེགས་ལྡན་ཐོན་ལས་ཚད་ལྡན་ཅན་གྱི་གཞི་ས་དང་ལྷས་གསོ་ཕྱུགས་གསོའི་གཞི་ས་གཅིག་རེ་གསར་དུ་བཙུགས་པ་དང་། མ་དངུལ་སྒོར་ཁྲི1255བཏང་ནས་རྩྭ་ཕག་དང་ནོར། ལུག སྦྲང་མ་བཅས་གསོ་སྤེལ་ར་བ66བཙུགས་ཡོད་ལ། མ་དངུལ་སྒོར་ཁྲི1403བཏང་ནས་མོག་རོའི་ཐོན་སྐྱེད་གཞི་ས4བཙུགས་པ་དང་། མ་དངུལ་སྒོར་ཁྲི3392བཏང་ནས་དཔེ་སྟོན་ཤང་དང་གྲོང་རྡལ1དང་། དཔེ་སྟོན་སྡེ་བ4བཅས་བསྐྲུན་ཡོད་ལ། དེར་མ་ཟད་ད་དུང་འབྲུ་རིགས་ས་མུའུ་ཁྲི6.28དང་བོད་སྨན་དང་ཀྲུང་ལུགས་ཀྱི་སྨན་རྩྭ་ས་མུའུ་ཁྲི1.5སྔོ་ཚལ་ས་མུའུ་ཁྲི0.37བཅས་འདེབས་འཛུགས་བྱས་ཡོད་ལ། རྩྭ་ཕག་གསོ་སྤེལ་བྱེད་ཚད་ཕག་ཁྲི11ཡན་དང་། དུག་མེད་ཤ་མོང་གི་འདེབས་འཛུགས་གཞི་ས16བཙུགས་ཡོད། དེ་མིན་དཔལ་འབྱོར་ཤིང་ཏོག་ས་མུའུ་ཁྲི0.5བཙུགས་ཡོད་ལ། ཕྱུགས་རིགས་གསོ་སྤེལ་བྱེད་ཚད་ཁྲི10.82ལ་ཟིན་ཡོད་པ་དེའི་ནང་ཞིང་ལས་ཐོན་རྫས་ཞིབ་བཤེར་ཚད་ལོན་ཚད100%ཡིན། མིག་སྔར། ཤང་ཚང་མར་གླིང་ཁུལ་ཡོད་པ་དང་སྡེ་བ་ཚང་མར་ལས་གཞི་ཡོད་པ། ཁྱིམ་ཚང་ཚང་མར་ཐོན་ལས་ཡོད་པ། མི་ཚང་མར་ཡོང་འབབ་འཕར་བའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཐོག་མར་ཆགས་ཀྱིན་ཡོད།

ཡོང་ཁུངས། ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

འཕྲིན་གཏོང་པ། བདེ་སྐྱིད་མཚོ།