ཟླ་བཅུ་བའི་ཚེས་བཅུ་གསུམ་ཉིན། རང་ཞིང་གིས་ཕུལ་དུ་བྱུང་བའི་སྡེ་ཁྲིམས་དམངས་ཆིངས་ཀྱི་དཔྱད་འདེམ་མཇུག་འབྲས་ཁྱབ་བསྒྲགས་བྱས།
ཉིས་སྟོང་ཉེར་གཉིས་ལོར། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་ཨུ་ཡོན་ལྷན་ཁང་གི་ཁྲིམས་སྲུང་ཁྱབ་གདལ་མཐུན་སྦྱོར་ཚན་ཆུང་གི་སྣེ་ཁྲིད་འོག ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་ཁྲིམས་འཛིན་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་དཔལ་ཡོན་བྱ་བའི་གཞུང་སྒྲུབ་ཁང་བཅས་ཀྱིསི་མཉམ་འབྲེལ་སྒོས་ཞིང་ཆེན་ཡོངས་ཀྱི་ཕུལ་དུ་བྱུང་བའི་སྡེ་ཁྲིམས་དམངས་ཆིངས་ཀྱི་དཔྱད་འདེམ་བྱ་འགུལ་སྤེལ་བ་རེད།
མཚམས་སྦྱོར་དང་ཐོག་མའི་དཔྱད་ཞིབ། མཇུག་མཐའི་དཔྱད་ཞིབ་བཅས་བརྒྱུད་དེ་མཐར་མཇུག་ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་མཱ་ཧྥང་སྲང་ལམ་ཏའོ་ཞིན་སྡེ་བའི་སྡེ་ཁུལ་གྱི་སྡོད་དམངས་སྤྱི་ཆིངས་དང་། ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་ཞའོ་ཆའོ་སྲང་ལམ་ཞའོ་ཆའོ་སྡེ་བའི་སྡེ་ཁྲིམས་དམངས་ཆིངས། ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་ནན་ཐན་སྲང་ལམ་ལྷོ་རིའི་ཤར་སྡེ་ཁུལ་གྱི་སྡོད་དམངས་སྤྱི་ཆིངས། ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་ཁྲིན་ཀོན་གྲོང་རྡལ་ཞི་ཀོན་སྲང་ལམ་སྡེ་ཁུལ་གྱི་སྡོད་དམངས་སྤྱི་ཆིངས། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་ཐོ་ཡེ་མཱ་ཞང་ཆུ་དཀར་སྡེ་བའི་སྡེ་ཁྲིམས་དམངས་ཆིངས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་ཀཱ་ཧེ་གྲོང་རྡལ་ནོའུ་ཨར་སྡེ་བའི་སྡེ་ཁྲིམས་དམངས་ཆིངས། མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་ཧི་ཞི་སྲང་ལམ་ཅན་ཨན་སྡེ་ཁུལ་གྱི་སྡོད་དམངས་སྤྱི་ཆིངས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་རྩི་གོར་ཐང་གྲོང་རྡལ་རི་རྒན་སྡེ་བའི་སྡེ་ཁྲིམས་དམངས་ཆིངས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་མཚོ་སྔོན་པོ་ཡུལ་ཚོའི་མཐའ་ལྷས་སྡེ་བའི་སྡེ་ཁྲིམས་དམངས་ཆིངས། མཚོ་བྱང་ཁུལ་ཧེ་ཡན་རྫོང་ཟུར་གསུམ་མཁར་གྲོང་རྡལ་ཧེ་ཧྥུན་སྡེ་བའི་སྡེ་ཁྲིམས་དམངས་ཆིངས། མཚོ་བྱང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་ཧའོ་མིན་གྲོང་རྡལ་ཁང་ལི་ལམ་སྡེ་ཁུལ་གྱི་སྡོད་དམངས་སྤྱི་ཆིངས་བཅས་སྡེ་ཁྲིམས་དམངས་ཆིངས་བཅུ་གཅིག་བདམས་ཐོན་བྱུང་།
ཐེངས་འདིའི་དཔྱད་འདེམ་ནི་ཀྲུང་དབྱང་དང་རང་ཞིང་གི་ཁྲིམས་སྐྱོང་སྤྱི་ཚོགས་དང་ཁྲིམས་སྐྱོང་གྲོང་གསེབ། གྲོང་གསེབ་ཀྱི་བཅོས་སྐྱོང་བྱ་བ་བཅས་ཐད་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ནན་ཏན་གྱིས་ལག་ལེན་དངོས་འབེབས་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་སྡེ་ཁྲིམས་དམངས་ཆིངས་ཀྱི་གྲོང་གསེབ་བཅོས་སྐྱོང་ཁྲོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དེ་གྲོང་གསེབ་སྡེ་ཁུལ་ནས་རྒྱ་ཆེར་དར་སྤེལ་འགྲོ་བར་སྐུལ་འདེད་བཏང་ནས། བབ་ཆགས་ཀྱི་དམངས་སྲོལ་དང་ཁྱིམ་སྲོལ་བཟང་བོ། དཔལ་ཡོན་ལྡན་པའི་སྤྱི་ཚོགས་ཀྱི་དར་སྲོལ་བཅས་ཆགས་པར་བྱེད་ཆེད་རེད།
གཙོ་སྒྲུབ་ལས་ཁུངས་ཀྱིས་བདམས་ཐོན་བྱུང་བའི་ས་ཁུལ་གྱི་སྡེ་ཁུལ་དག་གིས་མུ་མཐུད་དུ་གྲུབ་འབྲས་དར་སྤེལ་དང་མཚན་སྙན་གཅེས་སྤྲས། ཡང་འབད་བསྐྱར་འབད་བྱས་ཏེ། སྡེ་ཁྲིམས་དམངས་ཆིངས་ཀྱི་གྲོང་གསེབ་སྡེ་ཁུལ་གྱི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བར་ཤུགས་སྣོན་པ་དང་དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་ནུས་པ་གལ་ཆེན་སྔར་ལས་འདོན་སྤེལ་བྱེད་དགོས་པའི་རེ་བ་བཏོན།
བསོད་ནམས་ཚེ་རིང་གིས་བསྒྱུར།