མཚོ་སྔོན་ཞིང་ཆེན་གྱི་འཁྱམ་པོ་དང་སྤྲང་པོར་དགུན་ཁའི་དྲོད་ཁོལ་སྐྱེལ་བའི་ཆེད་དོན་རོགས་སྐྱོར་འགུལ་སྐྱོད་སྤེལ།
2023.10.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ10པའི་ཚེས25ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། འཚོ་བར་བརྟེན་ས་མེད་པའི་འཁྱམ་པོ་དང་སྤྲང་པོས་བདེ་འཇགས་ངང་དགུན་བསྐྱལ་བར་འགན་སྲུང་བྱེད་པ་དང་། ཁོ་ཚོའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཆེད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས2023ལོའི་འཁྱམ་པོ་དང་སྤྲང་པོར་རོགས་སྐྱོར་དོ་དམ་བྱེད་པ་དང་དགུན་ཁར་དྲོད་ཁོལ་སྐྱེལ་བའི་ཆེད་དོན་འགུལ་སྐྱོད་སྤེལ་ནས། འཁྱམ་པོ་དང་སྤྲང་པོའི་བདེ་འཇགས་ལ་སྲུང་སྐྱོབ་བྱས་པ་དང་། ཁོ་ཚོས་དྲོད་ཁོལ་ལྡན་པའི་ངང་དགུན་བསྐྱལ་བར་འགན་སྲུང་བྱས་ཏེ། འཁྱམ་པོ་དང་སྤྲང་པོ་རྣམས་ལ་ཏང་དང་སྲིད་གཞུང་གི་དྲོད་ཁོལ་དང་སྤྱི་ཚོགས་ཀྱི་གཟིགས་སྐྱོང་མྱོང་ཐུབ་པར་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས་རང་འགུལ་གྱིས་སྤྱི་བདེ་དང་གྲོང་ཁྱེར་དོ་དམ་སོགས་སྡེ་ཁག་བར་གྱི་མཐུན་སྦྱོར་མཉམ་ལས་ལ་ཤུགས་བསྣན་ནས། མཉམ་དུ་ཁྲོམ་སྲང་གི་སྐོར་བཤེར་རོགས་སྐྱོར་བྱ་བ་བཟང་བོར་བསྒྲུབས། དགོང་མོ་དང་དུས་ཆེན་ཉིན་མོ། གྲང་ངར་ཆེ་བའི་སྐབས་ཀྱི་སྐོར་ཞིབ་བྱེད་ཚད་ཇེ་མང་དུ་བཏང་བ་དང་། དུས་ཐོག་ཏུ་འཁྱམ་པོ་དང་སྤྲང་པོར་རོགས་སྐྱོར་དོ་དམ་ལས་ཁུངས་སུ་སོང་ནས་རོགས་སྐྱོར་དང་ལེན་བྱེད་རྒྱུའི་ཁ་ཏ་བྱས། རོགས་སྐྱོར་དོ་དམ་ལས་ཁུངས་སུ་འགྲོ་མི་འདོད་པའི་འཁྱམ་པོ་དང་སྤྲང་པོར། ཉེར་མཁོའི་ཟས་རིགས་དང་ལྭ་བ། དྲོད་འདོན་སྤྱོད་རྫས་འདོན་སྤྲོད་བྱས། ཞབས་ཞུའི་མཁོ་སྤྲོད་ལེགས་སྒྱུར་བྱས་པ་དང་། རོགས་སྐྱོར་སྤུས་ཚད་མཐོར་འདེགས་བཏང་། རོགས་སྐྱོར་ཁ་པར་དུས་ཚོད་ཉེར་བཞིའི་རིང་བཏང་ཆོག་པ་དང་། དུས་ཐོག་ཏུ་རོགས་སྐྱོར་ཁུངས་སྣེ་ལ་ལན་སྤྲོད་པ། རོགས་སྐྱོར་བྱེད་དགོས་པའི་དཀའ་ཁག་ཅན་གྱི་མི་སྣར་སྲིད་ཇུས་གཏན་ཁེལ་ལྟར་སྔོན་དུ་རོགས་སྐྱོར་བྱས་ནས། རོགས་སྐྱོར་བྱེད་འོས་པ་ཚང་མར་རོགས་སྐྱོར་བྱས།

དེ་དང་མཉམ་དུ། རོགས་སྐྱོར་ས་ཚིགས་ནང་གི་བདག་སྐྱོང་ཞབས་ཞུ་འགན་འཁྲི་ཇེ་དྲག་ཏུ་བཏང་བ་དང་། ནད་བྱུང་བའི་མི་དུས་ཐོག་ཏུ་སྨན་ཁང་དུ་བསྐྱལ་ལ། གློ་བུར་དུ་དོན་རྐྱེན་བྱུང་ནས་དཀའ་ཁག་ལ་འཕྲད་པའི་མི་སྣར་བྲེལ་མྱུར་རང་བཞིན་དང་གནས་སྐབས་རང་བཞིན་གྱི་འཚོ་བའི་འགན་སྲུང་འདོན་སྤྲོད་བྱས། མི་སྒེར་གྱི་ཐོབ་ཐང་ཆ་འཕྲིན་འདོན་སྤྲོད་བྱེད་ཐབས་མེད་པའི་དཀའ་ཁག་མི་སྣའི་གཉེན་མི་བཙལ་ནས། ཁོ་ཚོ་མྱུར་དུ་རང་ཁྱིམ་དུ་ལོག་པར་རོགས་རམ་བྱས། རིམ་པ་བཞི་བའི་མཉམ་འབྲེལ་རོགས་སྐྱོར་དོ་དམ་དྲ་རྒྱ་བཙུགས་པ་དང་། ཡུལ་འཁྱམ་སློང་མོ་བའི་ཡོང་ཁུངས་བཅོས་སྐྱོང་བྱ་བར་ཤུགས་བསྣན། མི་གཞན་པར་འཇིགས་སྐུལ་བྱས་ནས་ཡུལ་འཁྱམ་སློང་མོ་བྱེད་པར་འཇུག་པ་དང་ནར་མ་སོན་པའི་མིས་སློང་མོ་བྱེད་པར་འཇུག་པའི་རྒྱབ་ཕྱོགས་ཀྱི་རྩ་འཛུགས་དང་མི་ལ་ཁྲིམས་ལྟར་རྡུང་རྡེག་བྱས་པ་དང་། མང་ཚོགས་ཀྱིས་དཔྱོད་ཤེས་སྦྱིན་པ་གཏོང་བར་སྣེ་ཁྲིད་བྱས་ལ། འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་བྱས་ནས་རོགས་སྐྱོར་སྲིད་ཇུས་ལག་བསྟར་བྱས་ཏེ། ཡང་དང་བསྐྱར་དུ་ཡུལ་འཁྱམ་སློང་མོ་བྱེད་པའི་སྣང་ཚུལ་འབྱུང་བར་བཀག་འགོག་བྱས།

རིན་ཆེན་མཚོས་བསྒྱུར།