མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དེ་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་དང་མཚོ་སྔོན་པོ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དཀྱིལ་སྙིང་ས་ཁུལ་དུ་ཆགས་པ་དང་། 2022ལོར་མཚོ་བྱང་ཁུལ་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་རུ་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་གི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་འགོ་བརྩམས་པའི་ཚུན་དུ། བར་སྟོང་གྲུབ་ཚུལ་སྔར་ལས་ཚན་རིག་དང་མཐུན་པ་དང་། རྨང་གཞི་ཆ་སྡེབས་སྔར་ལས་འཐུས་ཚང་དུ་བཏང་ལ། སྐྱེ་ཁམས་བརྗོད་དོན་སྔར་ལས་མངོན་གསལ་ཡིན་པ་དང་། རི་བོ་གཉིས་ཀྱི་བསྒྱུར་སྤོར་ལམ་བུ་རྒྱ་བསྐྱེད་ལ། སྐྱེ་ཁམས་འདུ་ཤེས་ཇེ་བརྟན་དུ་སོང་བ་དང་། སྒྲིག་གཞི་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གྱུར།
ཉེ་བའི་ལོ་འགའི་རིང་ལ། མཚོ་བྱང་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། སྐྱེ་ཁམས་མ་ལག་དང་རང་བྱུང་མཛེས་ལྗོངས་ཀྱི་ཆ་ཚང་རང་བཞིན་དང་དྲང་བདེན་རང་བཞིན། སྐྱེ་དངོས་རིགས་སྣའི་སྣ་མང་རང་བཞིན་ལ་སྲུང་སྐྱོབ་ཐོབ་ཅིང་། ཁུལ་ཡོངས་ཀྱི་ནགས་ས་སྤྱི་ཆིང་འབུམ་ལྔ་དང་ཁྲི་གཉིས་སྟོང་བརྒྱད་དྲུག་བརྒྱ་དང་རྩྭ་ས་སྤྱི་ཆིང་ས་ཡ་གཅིག་དང་འབུམ་བརྒྱད་ཁྲི་བཞི་སྟོང་གསུམ། བརླན་ས་སྤྱི་ཆིང་འབུམ་གཉིས་དང་ཁྲི་དྲུག་སྟོང་གསུམ་བརྒྱ་ལ་དོ་དམ་སྲུང་སྐྱབ་བྱས།
རང་བྱུང་སྲུང་སྐྱོབ་ས་ཆ་ནས་ཚོང་གཉེར་བྱེད་ཆོག་པའི་ལས་གཞི་འཚོལ་ཞིབ་བྱས་པ་དང་། སྲུང་སྐྱོབ་དང་འཕེལ་རྒྱས་ལ་ཐག་གཅོད་ཡང་དག་བྱེད་པའི་རྨང་གཞིའི་སྟེང་། རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོབ་ས་ཆའི་འབྲེལ་ཡོད་དོ་དམ་རེ་བ་དང་སྲིད་ཇུས་ཁྲིམས་སྲོལ་ལྟར། ཚོང་གཉེར་བྱས་ཆོག་པའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་འཆར་འགོད་ལ་ཕྱོགས་ཡོངས་ནས་ཇུས་འགོད་བྱས་པ་དང་། མཚོ་སྐོར་བྱང་འགྲམ་གྱི་ཚོང་གཉེར་བྱེད་ས་དྲུག་འཛུགས་སྐྲུན་བྱས། དེ་དང་མཉམ་དུ། ཁྱད་ལྡན་གསོ་སྤེལ་དང་ཀྲུང་བོད་ལུགས་སྨན་རྩྭ་འདེབས་འཛུགས། བོད་ཇ་འདེབས་འཛུགས། ནགས་ཚལ་གསོ་སྐྱོང་སོགས་ལས་རྣམ་མང་པོ་འཕེལ་རྒྱས་སུ་གཏོང་རྒྱུ་གཙོ་གནད་དུ་བྱས་ནས། མཐོ་སྒང་གི་དེང་རབས་ཅན་གྱི་སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་། རྩྭ་སའི་སྐྱེ་ཁམས་བྱ་དགའ་ཁ་གསབ་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། སྐོར་ཐེངས་དང་པོའི་རྩྭ་ཐང་སྐྱེ་ཁམས་བྱ་དགའི་ཁ་གསབ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བཞི་ས་ཡ་གཅིག་བྱིན་ནས། རོང་འབྲོག་ཁྱིམ་ཡོངས་ལ་གཟན་རྩྭ་ཁ་གསབ་བྱས་ཏེ། ཕྱུགས་རྩྭའི་འགལ་རྩོད་ཐག་བཅད་པ་དང་ཕྱུགས་རྩྭའི་དོ་མཉམ་ལག་བསྟར་བྱས།
དེ་ལས་གཞན། ཁུལ་ཡོངས་ཀྱི་བརྒྱ་ཆའི་ང་ལྔ་ཡི་རྒྱལ་ཁོངས་རྒྱ་ཁྱོན་སྲུང་སྐྱོབ་ས་ཆའི་ཁྱབ་ཁོངས་ཁྲོད་བཞག་པ་དང་། རིགས་སྣ་མང་པ་དང་རིགས་མི་འདྲ་བའི་རང་བྱུང་སྲུང་སྐྱོབ་ས་ཆ་བཅུ་བདུན་བཙུགས་ལ། སྲུང་སྐྱོབ་ས་ཆའི་ཁྱབ་ཁོངས་ཧ་ལམ་སྐྱེ་ཁམས་ཚོར་རྣོན་ཁུལ་གྱི་ནགས་ཚལ་དང་རྩྭ་ས། བརླན་ས། བྱེ་ཐང་སོགས་རང་བྱུང་མཛེས་ལྗོངས་དང་སྐྱེ་ཁམས་མ་ལག་རིགས་སྣའི་སྟེང་ཁེབས་ཡོད། གསའ་སོགས་རྒྱལ་ཁབ་ཀྱི་ཚར་ཉེན་ཆེ་ཞིང་རྩ་ཆེ་བའི་རི་སྐྱེས་སྲོག་ཆགས་དང་། ཀྲུང་གོ་ཁོ་ནར་ཡོད་པའི་ཉ་རིགས་མཚོ་སྔོན་པོའི་གསེར་ཉ་དང་དེའི་འཚོ་སྡོད་བྱེད་ས་རང་བྱུང་སྲུང་སྐྱོབ་ས་ཆའི་སྲུང་སྐྱོབ་བྱེད་ཡུལ་ཁྲོད་བཞག ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཚུན་དུ། ཁུལ་ཡོངས་ཀྱིས་ནགས་ལས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་ལས་གཞིའི་ཐད་ཀྱི་དངུལ་གཏོང་སྒོར་དུང་ཕྱུར་དགུ་དང་བྱེ་བ་བརྒྱད་ཡོངས་འགྲུབ་བྱས་པ་དང་། རྩྭ་ས་སྤྱི་ཆིང་འབུམ་དྲུག་དང་ཁྲི་བཞི་སླར་གསོ་བྱས་ལ། རྒྱལ་ཁོངས་སྤྱི་ཆིང་ཁྲི་བདུན་དང་སྟོང་གཉིས་ལྗང་སྒྱུར་བྱས།
རིན་ཆེན་མཚོས་བསྒྱུར།