ད་ལོར་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གིས“སྦྲང་ཆར་འཆར་གཞིའི”སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ཏན་ཏིག་ངང་སྤེལ་ནས་ལས་ཞུགས་རོགས་སྐྱོར་སྲིད་ཇུས་གཏིང་ཟབ་ངང་དངོས་འབེབ་ཡོང་རྒྱུར་སྔར་ལས་སྐུལ་འདེད་བཏང་སྟེ། རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་།
“སྦྲང་ཆར་འཆར་གཞིའི”ལས་ཞུགས་བྱ་འགུལ་དོན་ཐོག་ཏུ་འཁྱོལ་རྒྱུར་འགན་ལེན་བྱ་ཆེད། འབྲི་སྟོད་རྫོང་གི་ལས་རིགས་སྡེ་ཁག་གིས་སྣེ་ཁྲིད་པ་དང་། ཡུལ་ཚོ་དང་གྲོང་རྡལ་གྱིས་བརྟག་དཔྱད་གཞོགས་འདེགས་བྱེད་པ། མི་སྣའི་བསྡོམས་རྩིས་མིང་ཐོ་གཞིར་བཟུང་ནས་ཁྱིམ་ཚང་རེ་རེར་སོང་ནས་འདྲི་བརྟག་བྱེད་པ། ཁ་པར་བརྒྱུད་ནས་འབྲེལ་གཏུག་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་རིམ་པ་བཞིན་དོན་འཁྱོལ་བྱས་ནས། སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ་ཆེད་ལས་དང་ལས་ཞུགས་ཀྱི་རེ་འདུན་ཐོ་འགོད་བྱས་པ་དང་། དུས་ཐོག་ཏུ་རྩིས་ཐོ་བཟོས་ཏེ་རིགས་བགར་ནས་ཕྱོགས་སྡོམ་བྱས་པར་མ་ཟད། རང་འགུལ་ངང་ཁྲོམ་རའི་དགོས་མཁོ་དང་གནད་ཁེལ་རོགས་སྐྱོར། ལས་ཞུགས་ཐབས་ལམ་རྒྱ་ཇེ་ཆེར་བཏང་སྟེ། སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་ཆེད་ལས་ཁྱད་ཆོས་དང་མི་སྒེར་གྱི་རེ་འདུན་ཕན་ཚུན་གཅིག་མཐུན་ཡོང་རྒྱུར་འགན་ལེན་བྱས། དེ་དང་ཆབས་ཅིག་རྫོང་ཁོངས་ཀྱི་བེད་མེད་དུ་ལུས་པའི་སྤུས་ལེགས་ཐོན་ཁུངས་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་ཐབས་ལམ་མང་བོ་བརྒྱུད་ནས་སྟབས་བསྟུན་ལས་ཞུགས་དང་རྣམ་པ་གསར་བའི་ལས་ཞུགས་འཕེལ་རྒྱས་ལ་སྐུལ་མ་བཏང་སྟེ། རང་གི་སྒོ་ཁ་ནས་ལས་ཞུགས་ལས་གཏོད་ཀྱི་གོ་སྐབས་སྔར་ལས་མང་བོ་བསྐྲུན། “སྦྲང་ཆར་འཆར་གཞིའི”རྒྱབ་སྐྱོར་ཁྱབ་ཁོངས་དེ་ལས་རིགས་སློབ་གསོའི་ཁྱབ་ཁོངས་ནས་ལས་ཞུགས་རོགས་སྐྱོར་གྱི་ཁྱབ་ཁོངས་སུ་རྒྱུན་བསྲིང་ནས། དབུལ་ཐར་ཁྱིམ་ཚང་ཡང་བསྐྱར་དབུལ་པོར་འགྱུར་རྒྱུར་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་བྱ་ཡུལ་གྱི་ཁྱིམ་ཚང་གི་གསར་དུ་འཚར་ལོངས་བྱུང་བའི་ངལ་རྩོལ་ནུས་ཤུགས་ལ་ལས་ཞུགས་རོགས་སྐྱོར་བྱས་ནས། “སྦྲང་ཆར་འཆར་གཞིའི”སློབ་ཐོན་སློབ་མ་སྤུས་ཚད་སྔར་ལས་མཐོ་བའི་ངང་ལས་ཞུགས་བྱེད་ཐུབ་པར་བྱས་ཏེ། རྩལ་ནུས་ལ་བརྟེན་ནས་དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་རྒྱུ་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུར་ཤེས་ལྡན་མི་སྣའི་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་རེད། མིག་སྔའི་བར་རྫོང་ཡོངས་ཀྱིས་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་དང་། ཁེ་ལས་ཀྱིས་གདན་ཞུ་བྱེད་པ། འོད་གློག་ཐོན་ལས་ཀྱིས་སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད2022ལོ་ནས2023ལོའི་བར་གྱི“སྦྲང་ཆར་འཆར་གཞིའི”སློབ་ཐོན་སློབ་མ339ལས་ཞུགས་བྱེད་ཐུབ་པ་དེས་སྤྱིའི་བསྡུར་ཚད་ཀྱི77%ཟིན་ཡོད་པ་དང་། ལས་ཞུགས་དེ་སྤྱི་པའི་དོ་དམ་དང་སྨན་བཅོས་འཕྲོད་བསྟེན། གྲོང་སྲིད་སྐྱེལ་གཉེར།སློབ་སྔོན་སློབ་གསོ། བཟའ་བཏུང་ཞབས་ཞུ། མགྲོན་ཁང་དོ་དམ་སོགས་ཁྱབ་ཁོངས་དང་འབྲེལ་བ་ཡོད
དཔའ་བརྟན་རྒྱལ་གྱིས་བསྒྱུར།